རང་ལུས་མེར་སྲེག་གནང་མཁན་ཞིག་བཙོན་གྲོལ་བཏང་།

ཕྱི་ལོ་ ༢༠༡༢ ལོར་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀློད་གྲོལ་བཏང་འདུག

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྒྱ་མཚོ་ལགས་སི་ཁྲོན་ཏེ་ཡང་བཙོན་ཁང་ནས་ཀློད་གྲོལ་བཏང་སྟེ་མདང་དགོང་མཚན་གུང་ཙམ་ལ་རང་ཁྱིམ་དུ་འབྱོར་ཡོད་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་གནང་སྐབས། དྲག་ཆས་ཉེན་རྟོག་པ་དང་དམག་མིས་གཅར་རྡུང་དྲག་པོ་གཏོང་བཞིན་མེ་བསད་དེ་བཙན་ཁྲིད་བྱས་ཡོད་པ་མ་ཟད། ལོ་ལྔ་དང་ཟླ་གསུམ་ཙམ་གྱི་རིང་བཙོན་འཇུག་བྱས་ཏེ་དཀའ་སྡུག་མནར་གཅོད་མྱངས་ཡོད་པ་རེད།

ཁོང་ནི་རྔ་བ་རྫོང་གཅའ་ཤང་གི་ཕ་བཛྲི་དང་། མ་པད་དཀར་གཉིས་ལ་བུ་ཕྲུག་བཞི་ཡོད་པའི་ནང་ནས་ཆེ་ཤོས་དེ་ཡིན་པ་དང་། རང་ལུས་མེར་བསྲེགས་གནང་སྐབས་ཁོང་རང་ལོ་ ༡༩ ཡིན་ལ། རྣམ་ཀུན་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་ཡིན་འདུག

ཕྱི་ལོ་ ༢༠༠༩ ལོར་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་བོད་ནང་ཁྱོན་བོད་མི་ ༡༤༩ ཡིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེའི་ནང་ནས་བོད་མི་ ༢༠ ལྷག་སྐབས་ཐོག་དེར་རྒྱ་གཞུང་གིས་བཙན་འཁྲིད་བྱས་ནས་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་ཀྱང་། ལོ་འདིའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ལོ་ངོ་དྲུག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་ལགས་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་སྟབས། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་གཉིས་བཙོན་གྲོལ་བཏང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༡༡

Leave a Reply

One thought on “རང་ལུས་མེར་སྲེག་གནང་མཁན་ཞིག་བཙོན་གྲོལ་བཏང་།