སུ་ལའང་འགན་མེད་དམ།

བོད་ནང་གི་ཡར་ལངས་ནི་སྟོད་མངའ་རིས་རུ་ཐོག་ནས་སྨད་དར་རྩེ་མདོ་བར་དུ་ཁྱབ་འདུག པེ་ཅིན་དུ་ད་དུང་ཡང་འདིའི་ཐད་འགན་ཁྱེར་མཁན་ཞིག་མེད་དོན་ཅི་ཡིན་ནམ། ཡང་ན། མདོ་དབུས་ཁམས་གསུམ་ནས་གནས་ཚུལ་འདི་པེ་ཅིན་ལ་ཡར་ཞུ་བྱེད་མཁན་བོད་མི་གཅིག་ ཀྱང་མ་བྱུང་གང་ལ་ཐུག་གམ། པེ་ཅིན་གྱིས་འཛམ་གླིང་ལ་སྟོན་གྱིན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ གྱི་ཚོགས་མི་བོད་རིགས་རྣམས་གང་དུ་ཕྱིན་པ་རེད། རྒྱ་ནག་གིས་མུ་མཐུད་ནས་དམག་མི་དང་མང་ཚོགས་གཉིས་ཁ་གཏད་དུ་འཇོག་རྩིས་ཡིན་ནམ། ང་ཚོས་དྲི་བ་འདི་དག་གཏིང་ཟབ་མོར་དྲིས་ཏེ་རྒྱལ་སྤྱི་རིམ་པ་ནས་བགྲོ་གླེང་ བྱེད་རན་འདུག

གལ་སྲིད་ཏང་ཀྲུང་དབྱང་ནི་བོད་མིའི་ཁྲིམས་མཐུན་གྱི་སྲིད་གཞུང་ཡིན་ན། གནས་ཚུལ་འདི་འདྲ་ཞིག་བྱུང་སྐབས་རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཅིག་མང་ཚོགས་ཀྱི་ཁྲོད་ཕེབས་ནས་གནས་ཚུལ་ལ་རྒྱུས་ལོན་ཙམ་ལོས་བྱེད། གལ་སྲིད་བོད་མི་རིགས་འདི་རྒྱ་ནག་ལ་ཡིད་ཆེས་ཡོད་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འདི་མ་བྱུང་གོང་ལ་མི་དམངས་ཀྱི་སྐུ་ཚབ་ཅིག་ཕྱིན་ནས་དཀའ་ངལ་འདི་དག་པེ་ཅིན་ལ་ཡར་ཞུ་ལོས་བྱེད། བོད་ནང་གི་བོད་རིགས་དཔོན་པོ་ཚོར་དབང་ཚད་དང་ས་གནས་མི་རིགས་ཤིག་གི་ཐོབ་ཐང་ཡོད་ཚེ་གནས་སྟངས་དེ་ཚད་འདི་འདྲ་ཞིག་ཏུ་ལྷུང་ག་ལ་སྲིད། འོན་ཀྱང་། བོད་མི་རིགས་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་བར་གྱི་འབྲེལ་བ་ནི་བཙན་གནོན་དང་ཞེ་འཁོན་ཡིན། ལོ་ལྔ་བཅུའི་རིང་གི་དམག་འཁྲུག་ཡིན། ཡར་ཞུས་ན་མི་ཉན་ལ་མར་བཤད་ན་མི་བརྩི་བ་གཉིས་ཀར་ངོ་འཕྲོད་ཡོད། ད་ཆ་རྒྱ་ནག་ལ་བོད་ཀྱི་དཀའ་རྙོག་ལ་ཐུག་དུས་མེ་མདའ་མ་གཏོགས་ཐབས་ཤེས་མེད་དོན་ཡང་འདི་ཡིན།
པེ་ཅིན་གྱི་མགོ་ཁྲིད་ཚོས་རྒྱལ་སྤྱིའི་སྟེང་བོད་ཀྱི་བདག་དབང་རྩོད་ཀྱི་ཡིན་ན། ཆ་རྐྱེན་དང་པོ་ནི་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་མང་ཚོགས་ཁྲོད་ནས་འཐུས་མི་བདམས་ཏེ། དགོས་འདུན་དང་བསམ་ཚུལ་ལ་ཉན་དགོས་ཤིང་། ཆ་རྐྱེན་ཅི་ཞིག་གི་འོག་ནས་ད་གཟོད་དཀའ་རྙོག་འདི་སེལ་ཐུབ་མིན་འཚོལ་དགོས། དབུས་དང་ས་གནས་གང་དུའང་ཁྲིམས་མཐུན་དང་དྲང་བདེན་གྱི་འགན་ཁུར་མེད་པར། དམག་མི་དང་མང་ཆོགས་གཉིས་ཁ་གཏད་དུ་འཇོག་པ་ནི་མི་རིགས་རྡེབ་གསོད་ཀྱི་ལམ་ཁ་ཡིན་སྟབས་རྒྱལ་སྤྱིའི་སྟེང་ནས་ངེས་པར་གཟི་དཔང་གནང་རྒྱུ་གལ་ཆེ།
རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མཉམ་དུ་ཐད་ཀར་བཀའ་མོལ་གནང་མི་ཐུབ་ནའང་བོད་མི་རིགས་དང་མཉམ་དུ་སྐད་ཆ་བཤད་ཐུད་དགོས་ལ། དེའི་རྗེས་ནས་དཀའ་ངལ་འདི་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་དང་བོད་དོན་གང་ཡིན་ངོ་འཕྲོད་ངེས་ཤིང་། ཏཱ་ལའི་དླ་མ་བོད་དུ་ཆིབས་བསྒྱུར་གནང་འོས་མིན་ཡང་ཇེ་གསལ་དུ་འགྲོ་ངེས། བཙན་བྱོལ་བོད་གཞུང་གིས་ཀྱང་ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་དུ་སྐད་ཆ་བཤད་རྒྱུར་འབད་བརྩོན་བྱེད་པ་ལས། གཞིས་ལུས་མི་དམངས་དང་ོཔེ་ཅིན་གྱི་མགོ་ཁྲིད་ཚོའི་བར་དུ་དྲང་བདེན་དང་དོན་ཕན་ལྡན་པའི་སྐད་ཆ་བཤད་རྒྱུར་སྐུལ་འདེད་བྱེད་འོས་ལ། འཛམ་གླིང་མི་དམངས་ཀྱིས་རེ་སྐུལ་ཞུ་འོས་པ་ཡང་པེ་ཅིན་དང་བོད་མི་རིགས་དར་གྱི་སྐད་ཆ་ཡིན་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “སུ་ལའང་འགན་མེད་དམ།

  1. གྲོགས་པོ་ལེགས་ཁྱོད་ཀྱི་བཤད་པ་དེ་འདྲ་ཞིག་ཡིན་ཡང་ང་ཚོའི་ངེས་ནས་གང་བྱེད་དགོས་མིན་དེ་གཙོ་པོ་རེད་བསམ་བྱུང་།གང་ཡིན་ཟེར་ན་རྒྱ་ནག་སྲིད་གཞུང་ནི་དམར་པོ་གཞུང་ཞིག་ཡིན་ན་འང་ང་ཚོས་རང་དབང་གི་རྩོད་ལན་བྱེད་པ་ལ་རང་གི་མི་རིགས་ལ་འགན་ཡོད་པ་མ་ཟད་རང་གི་མི་རིགས་གི་ཤེས་ཚུལ་དེ་གཞན་གི་ཤེས་ཚུལ་ལས་ལྡབ་འགྱུར་ཐོག་ཞི་བདེ་ངང་རྐང་པ་སྤོ་དགོས་པ་ལས་གཞན་མཐོང་མ་སོང་།ཐུགས་རྗེ་ཆེ།

  2. གྲོགས་པོ་ལེགས་ཁྱོད་ཀྱི་བཤད་པ་དེ་འདྲ་ཞིག་ཡིན་ཡང་ང་ཚོའི་ངེས་ནས་གང་བྱེད་དགོས་མིན་དེ་གཙོ་པོ་རེད་བསམ་བྱུང་།གང་ཡིན་ཟེར་ན་རྒྱ་ནག་སྲིད་གཞུང་ནི་དམར་པོ་གཞུང་ཞིག་ཡིན་ན་འང་ང་ཚོས་རང་དབང་གི་རྩོད་ལན་བྱེད་པ་ལ་རང་གི་མི་རིགས་ལ་འགན་ཡོད་པ་མ་ཟད་རང་གི་མི་རིགས་གི་ཤེས་ཚུལ་དེ་གཞན་གི་ཤེས་ཚུལ་ལས་ལྡབ་འགྱུར་ཐོག་ཞི་བདེ་ངང་རྐང་པ་སྤོ་དགོས་པ་ལས་གཞན་མཐོང་མ་སོང་།ཐུགས་རྗེ་ཆེ།