ལས་འགུལ་གྱི་ཆེད་དུ་སྤེལ་བའི་ལས་འགུལ །

  འདས་པའི་ཟླ་གཅིག་ཙམ་གྱི་རིང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ ་ཁག་རྡ་སའི་རི་ངོགས་འདིར་ཉིན་ནས་མཚན་ལ་བསྟུད་དེ་ཚོགས་འདུ་འཚོགས་ཤིང་ ། གྲོས་བསྡུར་གཅིག་ཐོག་གཉིས་འཇོག་བྱས་རྗེས་འབོད་ཚིག་ཅིག་ཁྱེར་ནས་ལྡི་ལིར་ཕྱིན་སོང་ ། ཐེངས་འདི་ནི་མི་དམངས་མདུན་བསྐྱོད་ཀྱི་ལས་འགུལ་མིན་པར །  མི་དམངས་སྒེར་ལངས་ཆེན་མོ་རེད །  ལོ་རྒན་དྲུག་ཅུའི་རིང་འདི་ལྟའི་གོ་སྐབས་ཤིག་རག་མ་མྱོང་སྟབས ། བོད་ཀྱི་དུས་ཚོད་ནི་ད་ཡིན་ཟེར །
     འདི་ལྟར་ང་ཚོས་ཡང་བསྐྱར་སྲིད་དོན་གྱི་ལས་འགུལ་གལ་ཆེན་ཞིག་གི་འཕྲེད་དར་ལ་ཁ་བྱང་ཆེན་པོར་བྲིས་ཚར་ཞིང་ །  ལོ་མགོ་ཏག་ཏག་འདིར་ལོ་ཧྲིལ་བོ་འདིའི་ལས་འགུལ་གཙོ་བོའི་ཁ་ཕྱོགས་གཏན་འབེབས་བྱས་སྟབས། བོད་མི་རེ་རེ་ཡིས་རང་རང་ས་ནས་སྐེ་རགས་སྡོམ་རྒྱུའི་དུས་ལ་བབ་ཡོད་པ་སྨྲོས་ཅི་དགོས།  ལར་ནས་ལས་འགུལ་ནི་སྒྲིག་འཛུགས་ཀྱི་འོག་ནས་ད་གཟོད་སྤེལ་ཐུབ་ལ། རྒྱལ་ཁའང་ཆིག་སྒྲིལ་གྱི་འོག་ནས་ལེན་ཐུབ་སྟབས། ང་ཚོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་འབྲེལ་གྱི་ལས་འགུལ་འདི་ནི་བོད་མི་དམངས་ཀྱིས་དགའ་བསུ་འཐོབ་ཞིང་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཅི་ནས་ཀྱང་ཡིན ། 
ཤི་གསོན་གྱི་ཁ་མཚམས་ལ་ལྷུང་བའི་མི་རིགས་ཤིག་ལ་མཚོན་ན་ནམ་རྒྱུན་གྱི་ཉིན་མཚན་རེ་རེའང་ཛ་དྲག་གིས་འཁོར་སྐྱོད་བྱེད་ལ ། མི་དམངས་ཀྱི་ལས་འགུལ་དེ་དག་ཀྱང་ཉིན་རེ་རེའི་ལག་ལེན་གྱི་ཁྲོད་དུ་ཡོད། འདི་ལྟར་མི་ཞིག་གི་ཉིན་རེ་རེའི་འཚོ་སྡོད་ཀྱི་གོ་སྐབས་ནི་འཐབ་རྩོད་དང་ལས་འགུལ་གྱི་གོ་སྐབས་རེ་རེ་ཡིན ། ཡིན་ནའང་སྐབས་རེར་ང་ཚོར་འདིའི་ཕྱོགས་ནས་ཞན་ཆ་རེ་མངོན་ཡོང་གི་ཡོད་དེ ། ང་ཚོའི་ལས་འགུལ་འདི་དག་ནི་ཛ་དྲག་གིས་དེད་པ་ཞིག་ཏུ་མི་མཐོང་བར། ཚོར་བ་དང་གོ་སྐབས་ཀྱི་ངོས་ནས་སླེབས་པ་ལྟ་བུ་མཐོང་ལ ། ལྷག་པར་དུ་ལས་འགུལ་གྱི་རྣམ་པ་དང་འབོད་ཚིག་དེ་དག་ཀྱང་ལག་ལེན་ལ་ཁ་ཕྱོགས་ནས་གཏན་འབེབས་བྱེད་པ་མིན་པར་གནས་སྐབས་རྒྱལ་སྤྱིའི་དོ་སྣང་འཛིན་ཐབས་ལ་དམིགས་པ་ལྟར་མཐོང་བ་མ་ཟད ། མི་དམངས་ཀྱི་ལས་འགུལ་དེ་དག་ནི་ལས་འགུལ་ཁོ་ནའི་ཆེད་དུ་སྤེལ་བའི་ལས་འགུལ་ལ་མཐོང་ །  དཔེར་ན ། ལོ་འདིའི་མི་དམངས་སྒེར་ལངས་ཀྱི་ཉིན་མོར་བོད་མི་ཚོ་རྡ་ས་ནས་ལྷ་ས་བར་དུ་གོམ་བགྲོད་ལ་འགྲོ་རྒྱུའི་གཏན་འབེབས་ལྟ་བུ་རེད །
དེ་ལས་ང་ཚོའི་ཚོགས་པ་འདི་དག་ཐུན་མོང་གིས་གྲོས་ཆོད་བཞག་སྟེ། ལོ་འདིའི་མི་དམངས་སྒེར་ལངས་ཀྱི་ཉིན་མོར་ནམ་ཡང་ཁྲོམ་གྱི་ལས་འགུལ་ནང་ཞུགས་མ་མྱོང་བའི་བོད་རིགས་གནད་ཡོད་དག་མཉམ་ཞུགས་བྱེད་རྒྱུར་འབོད་སྐུལ་ཞུ་འོས་ཤིང༌། མ་གཞི་ནས་མི་རིགས་ཤིག་གི་འཐབ་རྩོད་ཡིན་ན་ལས་འགུལ་དེ་མི་དམངས་ཀྱིས་སྤེལ་དགོས་པའི་ངེས་བ་མེད་པར ། བོད་མི་སུའང་ཁྲོམ་ལ་བུད་དེ་སྐད་འབོད་བྱེད་འོས་ལ །  བོད་མི་སུས་ཀྱང་མི་རིགས་འདིའི་བདེ་སྡུག་དང་འཐབ་རྩོད་ཀྱི་དོན་དུ་སྐད་གསེང་མཐོན་པོའི་སྒོ་ནས་འཛམ་གླིང་ལ་ཞུ་གཏུགས་བྱས་ཆོག་སྟབས ། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཚོའང་ལོ་འདིར་མི་དམངས་སྒེར་ལངས་ཀྱི་ཉིན་མོ་སྲུང་གཙིའི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུར་བོད་གཞུང་ལ་འབོད་སྐུལ་ཞུ་འོས་པར་འདུག འདི་ལྟའི་ལས་འགུལ་གྱི་ངོ་བོ་ནི་རང་བཞིན་གྱིས་རྒྱ་ཆེ་ཞིང་དོན་དམ་གྱིས་ཤུགས་རྐྱེན་ཆེ་བར་སྙམ་མོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply