དུས་མཐའི་རྩེད་མཚར།

 

མུན་ཁོང་གི་མེ་ཏོག་དཀར་པོ།  ལྐོག་གྱུར་གྱི་དར་ཆ་དམར་པོ།

ལྷ་སྲུང་གཅིག་གི་གྱོད་དོན་དེ་འདི་ལྟར་མི་རིགས་ཤིག་གི་མགོར་ལྷུང་གི་རེད་དམ ། ད་ཆར་དོལ་རྒྱལ་གྱི་གྱོད་གཞི་འདི་རྒྱ་དཀར་ནག་གཉིས་ཀྱི་ཡིག་སྣོད་དུ་བླུགས་ཤིང་ ། བོད་རང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གང་དེའི་ཞལ་ངོའི་དྲི་མག་ཏུ་འགྱུར་གྱིན་འདུག འདི་ལྟར་བོད་མི་རིགས་འདིའི་གཉའ་བར་གྱི་སོག་ལེར་འགྱུར་གྱིན་འདུག
བོད་རྒྱའི་འབྲེལ་མོལ་གྱི་བར་ན་དོལ་རྒྱལ་འཁོར་གྱིན་འདུག་ཚུལ་ནི་སྤྱིར་ ན་བཞད་གད་ཀྱི་གནས་རེད ། ལྷག་པར་དུ་བོད་ཀྱི་གནད་དོན་འདི་མི་ལོ་ལྔ་བཅུ་ལྷག་གི་རིང་སེལ་མ་ཐུབ་པའི་དེ་རིང་སླར་ཡང༌། པེ་ཅིན་དང་རྡ་སའི་བར་དུ་དོལ་རྒྱལ་ལས་འཕྲོས་པའི་དཀའ་རྙོག་ཐེ་བ་ཞིག་གླེང་གིན་པ་ནི་བོད་མི་རིགས་ལ་མཚོན་ན་ཅི་འདྲའི་སྐྱི་གཡའ་བའི་ཀྱལ་ག་ཞིག་རེད་ཨང་། ཡིན་ནའང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཐེངས་དྲུག་པར་པེ་ཅིན་དུ་ཕྱིན་སྐབས་གནད་དོན་འདི་མངོན་སུམ་དུ་བཤད་ཅིང་། པེ་ཅིན་གྱི་མགོ་ཁྲིད་ཚོས་གཞུང་འབྲེལ་ཐོག་དོལ་རྒྱལ་གྱི་གྱོད་གཞིའི་ཐོག་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས། བོད་མི་རིགས་ཀྱི་བདེ་སྡུག་དེ་དོལ་རྒྱལ་གྱི་གནད་དོན་ལ་སྤྱར་ནས་གླེང་། དེ་ལྟར་སྐུ་ཚབ་ཐེངས་དྲུག་པའི་རྗེས་སུ་བོད་རྒྱའི་འབྲེལ་མོལ་འདིའང་མར་མེ་སྣུམ་ཟད་ལྟར། རིམ་བཞིན་དུ་མི་སྣང་བར་གྱུར། ཡང་བསྐྱར་ང་ཚོ་དང་ང་ཚོའི་སྙིང་ལ་བརྣག་པའི་བོད་དོན་འདི་ནག་ཁུང་དུ་གྱུར། 
ལོ་རྒྱུས་ཀྱི་ཁྲོད་དུ་ནང་བསྟན་ཆོས་ལུགས་འདི་མཚམས་རེར་བོད་གངས་ཅན་པའི་མུན་ཁོང་གི་མེ་ཏོག་དཀར་པོ་དང་། ལྐོག་གྱུར་གྱི་མཚོན་ཆ་དམར་པོ་གྱུར་མྱོང་ལ།  ང་ཚོར་ཚབ་སྲིད་ཀྱི་མངའ་ཐང་རྒྱས་དུས་རྒྱ་གར་དུ་ཕྱིན་ནས་ཆོས་ཉོས ། ང་ཚོ་སངས་རྒྱས་གྱི་བསྟན་པ་དར་དུས་རྒྱ་ནག་ཏུ་ཕྱིན་ནས་སྲིད་ཉོས། དུས་རིམ་འདི་དག་གི་ཁྲོད་དུ་མཚམས་རེར་ཡུལ་གངས་ཅན་དུ་ཁྲག་གི་འཁོར་ལོ་བསྐོར་ཞིང་། སྡུག་གི་མུན་པས་གཡོགས་མྱོང་ལ། འདི་ལྟའི་ཉེར་ལེན་གྱི་དབང་གིས་དེང་སྐབས་ཀྱང་ང་ཚོས་སྲོག་རྒྱ་གར་གྱི་ལག་ཏུ་བཅོལ་ཏེ ། དགྲ་རྒྱ་ནག་དང་མཉམ་དུ་རྩོད་དགོས་པར་གྱུར། འོན་ཀྱང་།  ད་ལྟ་ནི་དུས་རབས་ཉེར་གཅིག་པར་སླེབས་ཤིང་མིའི་རིགས་ཕལ་མོ་ཆེར་ཤེས་རིག་གི་མངའ་ཐང་རྒྱས་ཀྱིན་པའི་དུས་ཡིན་སྟབས། བོད་མི་རིགས་ཀྱང་སད་རན་ཞིང་། གནའ་སྔ་མོའི་ལྐོག་གྱུར་གྱི་ལྷ་སྲུང་གཅིག་གི་རྩོད་གཞིའམ། ཡང་ན ། སུས་ཀྱང་འགྲེལ་དཀའ་བའི་ལྷ་རྟེན་ཚོའི་གབ་ཚིག་གི་མདུད་པར་འཐམ་ནས་ཤི་དགོས་དོན་མེད་སྟབས། ང་ཚོས་མགོ་མགྱོགས་པའི་དུས་རེད་ལ། ང་ཚོར་ཐག་གཅོད་གྱི་བློ་སྟོབས་དགོས་པའི་དུས་ཀྱང་རེད། ད་ནི་ང་ཚོས་རྒྱ་དཀར་ནག་གི་ཡིག་ཚང་དུ་ཕ་མེས་ཀྱི་བླ་འཚོང་བའི་དུས་མ་རེད།
   ལར་ནས་དོལ་རྒྱལ་གྱི་དཀའ་རྙོག་འདི་ནི་བོད་སྤྱིའི་དཀའ་རྙོག་དང་། ཆོས་རྒྱུད་ཚང་མས་དཀའ་རྙོག་མིན་ལ། དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་དང་དེ་དག་གི་དགོན་ལག་ཁག་གི་དགེ་འདུན་པ་ཚོའི་ཤ་ཁྲག་རུས་གསུམ་དང་འབྲེལ་བའི་དཀའ་རྙོག་ཀྱང་མིན་པར། བླ་སྤྲུལ་དང་གང་ཟག་སྒེར་བ་ཁག་ཅིག་གིས་བློས་བསླངས་བྱས་པའི་དཀའ་ངལ་ཡིན། དེར་བརྟེན། བོད་མི་རིགས་ལ་རང་ཉིད་ཀྱི་ཆོད་སེམས་དང་བློ་སྟོབས་ཡོད་ན་གནད་དོན་འདི་མ་གཞི་ནས་དཀའ་རྙོག་ཅིག་མིན། ལྷག་པར་དུ་༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང་བོད་མི་རིགས་ཀྱི་དད་པ་དམ་ཚིག་གི་འབྲེལ་ཐག་འདི་ལྟ་བུ་ཞིག་གི་སྐབས་ལ་ང་ཚོར་དཀའ་ངལ་གང་ཡོད་ཀྱང་ཐུན་མོང་གིས་སེལ་རྒྱུའི་གོ་སྐབས་ཆེ་སྟབས། གདན་ས་གསུམ་གྱི་དགེ་འདུན་པ་དག་གཙོ་བྱས་ཏེ་ཐེངས་འདིར་དོལ་རྒྱལ་གྱི་གནད་དོན་འདི་གཙང་སེལ་ཡོང་རྒྱུ་ཤིན་ཏུ་གལ་ལོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply