དཔལ་འབར་གྱི་མེ་ལྕེ།

ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ནི་རྩེད་མོ་འཚོགས་ཡུལ་རྒྱལ་ཁབ་དང་མི་རིགས་དེའི་གཟི་བརྗིད་མཚོན་བྱེད་ཅིག་ཡིན་ཡང་། ལོ་འདིའི་ཨོ་ལིམ་པིག་དཔལ་འབར་མཉམ་དུ་མེ་ལྕེ་གཞན་པ་མང་པོ་ཞིག་མཆེད་ཀྱིན་པ་ཡོད་པ་ནི། བོད་དོན་གྱི་མེ་ལྕེ། དམངས་གཙོའི་མེ་ལྕེ། རང་དབང་གི་མེ་ལྕེ་སོགས་རྒྱ་ནག་གི་གདུག་རྩུབ་འོག་ཏུ་འབར་གྱིན་པའི་ཁོང་ཁྲོའི་མེ་ལྕེ་དག་ཡིན། ད་དུང་ཌར་ཧྥུར་དང་འབར་མ་སོགས་ཡུལ་ལུང་གཞན་ནས་མཆེད་པའི་ཁོང་ཁྲོའི་མེ་ལྕེའང་འབར་གྱིན་ཡོད།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་རྩེད་འགྲན་འདི་རྒྱ་ནག་ལ་སྤྲད་པ་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་བཤད། ད་ཆ་དཔལ་འབར་འདི་འཛམ་གླིང་གི་རྒྱལ་ས་གང་སར་ངོ་ཚ་དང་ཁོང་ཁྲོའི་མཉམ་དུ་འབར་བཞིན། གནོང་འགྱོད་དང་ཞེ་སྡང་གི་ངང་ནས་སྐོར་སྐྱོད་བྱེད་ཀྱིན་ཡོད། རྒྱ་ནག་གིས་དཔལ་འབར་འདི་གླིང་ལྔ་དང་གྲོང་ཁྱེར་ ༡༣༥ བསྐོར་ཞིང་། གནའ་བོའི་དར་ལམ་རིང་མོ་བརྒྱུད་དེ་ཁྱོན་ས་ཐག་ཀེ་ལོ་མི་ཊར་ ༡༣༧༠༠༠ སྟེ། ཉིན་ ༡༣༠ འགོར་རྗེས་པེ་ཅིན་དུ་སླེབས་རྒྱུ་ཡིན་ཟེར་ལ། དཔལ་འབར་འདི་རི་བོ་ཇོ་མོ་གླང་མའི་རྩེ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཡང་འཁྱེར་རྒྱུའི་མནའ་བོར་ཡོད། འདི་ལྟར་བདུན་ཕྲག་གཉིས་ཙམ་ནས་བཟུང་དཔལ་འབར་དེ་གྷི་རིག་གི་ཨོ་ལིམ་པི་ཡ་ནས་ལམ་དུ་ཆས་ཏེ། ལོན་ཌོན་དང་། ཕཱ་རི་སི། སན་ཧྥུ་རན་སི་སུ་ཁོ་སོགས་སུ་བསླེབས་ཡོད། ཡིན་ནའང་འཛམ་གླིང་མི་དམངས་ཀྱིས་དཔལ་འབར་དེའི་མེ་ལྕེ་འོག་ནས་མཐོང་བ་ནི། ཧུའུ་ཅིན་ཐའོ་ཡི་བདེ་སྐྱིད་དང་འཆམ་མཐུན་གྱི་སྤྱི་ཚོགས་དེ་མིན་པར། རྒྱ་ནག་གཞུང་གིས་ཟླ་གཅིག་གི་རིང་བོད་མི་བརྒྱ་སྐོར་ཅིག་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་ ༣ ཙམ་བཙོན་འཇུག་བྱས་པའི་ནག་ཉེས་ཀྱི་སྣང་བརྙན་དང་། ད་དུང་མུག་ཤིར་ཐེབས་ཀྱིན་པ་དང་རང་ཤི་རྒྱག་གིན་པ། མནར་གཅོད་མྱོང་མཁན་གྱི་བོད་མི་རིགས་ཡིན།
དེ་ལྟར་ཡང་། རྒྱ་ནག་མི་དམངས་ཀྱིས་དཔལ་འབར་འདིའི་མེ་ལྕེའི་འོག་གི་མེ་ལྕེ་གཞན་དེ་དག་གསལ་བོ་ཞིག་མཐོང་ཐུབ་མེད་པའི་ཁར། རྒྱ་ནག་གཞུང་གི་ཇུས་འགོད་ལྟར་གྲིབ་གཟུགས་གཞན་ཞིག་མཐོང་བཞིན་པ་ནི། བོད་མི་འགའ་དང་རྒྱ་ནག་ལ་མི་དགའ་མཁན་ནུབ་ཕྱོགས་པ་ཁག་ཅིག་གིས་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཁ་བྲལ་ལ་གཏོང་བ་དང་། ཀྲུང་གོའི་མཚན་མཐོང་གཅོག་གིན་པ་དེ་ཡིན་སྟབས། དཔལ་འབར་འདི་འཛམ་གླིང་ལ་འཁྱེར་སྐབས། རྒྱ་ནག་གི་ཡུལ་ན་གཡོ་བྱུས་ཀྱིས་སྒྲོན་པའི་མེ་ལྕེ་ཞིག་དོན་མེད་དུ་འབར་གྱིན་ཡོད་པར་བརྟེན། ང་ཚོས་དཔལ་འབར་འདིའི་མེ་ལྕེའི་འོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་འཛམ་གླིང་ལ་སྟོན་རྒྱུ་ཙམ་མིན་པར། རྒྱ་གཞུང་གི་ངོ་གདོང་ངོ་མ་དེ་རྒྱ་ནག་གི་མི་དམངས་ཐེར་འབུམ་ ༡ ལྷག་ལ་སྟོན་ཐུབ་རྒྱུ་ནི་དཔལ་འབར་འདིའི་གོ་སྐབས་གཞན་པ་དེ་ཡིན།
རྒྱ་ནག་གི་དཔོན་རིགས་ཚོས་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་ལ་བཏགས་པའི་གཞུང་འབྲེལ་འབོད་ཚིག་དེར་གོ་བ་གསལ་བོ་ཞིག་ལོན་པའི་རེ་བ་ཆེ། འཛམ་གླིང་གཅིག རྨི་ལམ་གཅིག་ཅེས་པ་ནི་དམར་པོའི་གཞུང་གཅིག་གིས་དབང་ཆ་གཅིག་སྡུད་བྱས་ཏེ། འགྲོ་བ་མིའི་རིགས་ཀྱི་རང་དབང་མཐའ་དག་བཙན་འཕྲོག་བྱེད་རྒྱུ་དེ་མིན་ལ། ངོ་ཚ་དང་གནོང་འགྱོད་གང་ལའང་མ་ལྟོས་པར་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་འདི་འཁྱེར་ཏེ་གླིང་ལྔ་དང་གྲོང་ཁྱེར་ ༡༣༥ བསྐོར་རྗེས་འཛམ་གླིང་མི་དམངས་ཀྱི་རྨི་ལམ་གཅིག་དེ་གང་ཡིན་ངོས་ཟིན་གསལ་བོ་ཞིག་འཐོབ་རྒྱུ་དང་། རྒྱ་ནག་མི་དམངས་ལའང་རྨི་ལམ་འདི་ཡོད་པ་ངོ་འཕྲོད་རྒྱུ་ནི་རྩེད་འགྲན་འདིའི་མཐའ་མཇུག་གི་རེ་བ་ཡིན་ལ། རྩེད་འགྲན་འདི་རྒྱ་ནག་ལ་སྤྲད་པའི་ཁེ་ཕན་ཡང་ཡིན་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply