ལོ་གསར་པའི་ཁ་གཡང་།

༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་གཟེངས་རྟགས་ཕུལ་བ་དང་ཨ་རི་དང་ཁེ་ན་ཌ། འཇར་མན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་ཁག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཐད་རྒྱལ་སྤྱིའི་སྟེང་གླེང་སློང་དང་དོ་སྣང་ཆེན་པོ་བྱུང་ཡོད་ལ ། སྤྱི་ནོར་༧གོང་ས་མཆོག་གི་སྐུའི་མཚན་མ་ལ་མི་མཐུན་པའི་སྐྱོན་ཕྲ་མོས་ཀྱང་མ་གོས་པར་དགུང་སྐེག་རྫོགས་པ་དང་བཙན་བྱོལ་བོད་མིའི་ཁྲོད་ཀྱི་རི་བོ་དགེ་ལྡན་པས་ཀྱང་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་པའི་ཆོས་འདུལ་བའི་ཐབས་ལམ་བེད་སྤྱོད་ཀྱིས་བོད་མི་ནང་ཁུལ་གྱི་ཆོས་ཕྱོགས་ཀྱི་གནད་དོན་སེལ་ཐབས་ལ་ཐུགས་ཁུར་ཆེར་བཞེས་གནང་ཡོད་པ་སོགས་བཀྲ་ཤིས་པའི་ཉིས་སྟོང་བདུན་ལོ་ནི་འདི་ལྟར་རྫོགས་སོང་
ང་ཚོས་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་བལྟས་ཀྱིས་ཉིས་སྟོང་བརྒྱད་ཀྱི་ལོ་གསར་པ་འདི་བསུ་དགོས་ལ ། དེ་ཡང་དུད་འགྲོའི་རང་དབང་ཚོགས་ཆུང་གིས་ཉིས་སྟོང་བརྒྱད་ཀྱི་ལོ་འདི་ནི་དཀར་སྐྱོང་གི་ལོ་ཞིག་ལ་ངོས་འཛིན་ཞུ་དགོས་པའི་འབོད་སྐུལ་གྱིས་སྣེ་དྲངས་དེ་ལོ་གསར་པ་ཤར་བྱུང་ ། ང་ཚོས་བསྐྱར་དུ་ལོ་གསར་པ་འདིའི་ནང་༧གོང་ས་མཆོག་གི་མཛད་འཕྲིན་སྔར་བཞིན་རྒྱས་པ་དང་བོད་ཀྱི་བདེན་མཐའ་གསལ་བར་མུ་མཐུད་འབད་བརྩོན་དང་བཀྲ་ཤིས་སྨོན་འདུན་ཞུ་དགོས ། ཡིན་ན་ཡང་ང་ཚོར་མཚོན་ན་ལོ་འདི་ནི་ཆེས་འགག་རྩའི་ལོ་ཞིག་ཡིན ། ཕྱི་ལོ་ ༢༠༠༡ ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་ཆ་རྐྱེན་འོག་ཉིས་སྟོང་བརྒྱད་ལོའི་རྩེད་འགྲན་མགྲོན་བདག་བྱེད་དུ་བཅུག་ཡོད །   དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་བཏང་མེད་པར་རྩེད་འགྲན་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་བྱས་ཏེ་རྒྱལ་སྤྱིའི་ཁྲོད་རང་ཉིད་ཀྱི་སྣང་བརྙན་བསྒྱུར་ཐབས་བྱེད་བཞིན་ཡོད་ལ ། རྒྱ་ནག་ལ་མཚོན་ན་ཉིས་སྟོང་བདུན་ལོ་ནི་ཕམ་ཁ་དང་སྐྱོན་བརྗོད་ངང་རྫོགས་ཟིན་པའི་ལོ་ཞིག་ཆགས་ཡོད་པར་ངེས་ལ། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་ནི་ཉིས་སྟོང་བདུན་ལོར་ཁོང་ཚོས་དོ་སྣང་དང་སེམས་ཁུར་ཆེ་ཤོས་བྱུང་བའི་གནས་ཚུལ་ཞིག་ཆགས་ཡོད་པར་སྙམ ། ཡིན་ན་ཡང་ངས་འདིར་བརྗོད་འདོད་པ་ནི་ལོ་གསར་པ་ཤར་པའི་དུས་འདིར་རྒྱ་ནག་ལ་སྐྱོན་བརྗོད་བྱེད་འདོད་མིན་པར་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་བྱེད་འདོད་པ་དེ་ཡིན །
སྐྱེ་བོ་སུ་ཞིག་ཡིན་རུང་ལོ་གསར་བ་དེ་ནང་མི་ལྷན་འཛོམས་ཐོག་དགའ་དགའ་སྤྲོ་སྤྲོའི་ངང་བསྐྱེལ་འདོད་ཡོད་པ་གཅིག་མཚུངས་ཡིན་ནའང་ ། སྟབས་མ་ལེགས་པར་ལོ་གསར་བ་ཤར་མཚམས་འདིར་རྒྱ་ནག་ནང་ཁུལ་དུ་གངས་སྐྱོན་བྱུང་ཡོད་པར་བརྟེན ། སྐྱེ་བོ་ས་ཡ་མང་པོས་ལོ་གསར་པ་བསུ་བའི་དགའ་སྟོན་ལ་བར་ཆད་འབྱུང་བཞིན་ཡོད་པས་ང་ཚོས་ཁོང་རྣམས་ཀྱི་བདེ་སྡུག་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཆོག་ལ་ལོ་གསར་བའི་ནང་མི་འདོད་པའི་བྱ་བ་གང་ཡང་མི་ཡོང་བའི་སྨོན་འདུན་ཞུས་ཆོག ད་དུང་ང་ཚོས་སྨོན་འདུན་དང་ཁ་གཡང་འདི་ལྟར་སྒྲོག་འོས་ཏེ་ལོ་གསར་པ་འདིའི་ནང་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོ་བོད་མིའི་སེམས་ཀྱི་བདེ་སྡུག་གནས་བབ་ལ་རྒྱུས་ལོན་གྱིས་བོད་དོན་འདི་༧གོང་ས་མཆོག་གི་དགོངས་གཞི་སྟེ་ཕན་ཚུན་གཉིས་ཕན་གྱི་ལམ་དབུ་མའི་ཐབས་ལམ་བརྒྱུད་སེལ་ཐབས་ཡོང་བར་དངོས་ཡོད་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུའི་སྨོན་འདུན་དང་ ། བོད་རྒྱ་མི་རིགས་གཉིས་ཇི་སྲིད་ནམ་གནས་བར་ཕན་ཚུན་འཆམ་མཐུན་ངང་གནས་སྡོད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཁ་གཡང་སྒྲོག་ཆོག་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply