ཕྱོགས་མཐའི་མི་དམངས་ལ་སྒུག་པ།

བོད་ཀྱི་བདེན་མཐའ་གསལ་ཐག་ཇེ་རིང་དུ་ཕྱིན་པ་དང་བསྟུན། བཞུགས་སྒར་ཁུལ་དུ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དར་ཆ་འཁྱེར་བའི་ཚོགས་པའང་ཇེ་མང་ཡིན ། ཁོང་ཚོའི་ལས་འགུལ་ནི་གཞི་རྩའི་ཆ་ནས་བོད་མི་ཚོར་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ཚུགས་རྒྱུ་དེ་ཡིན།

བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ནི་བཙན་བྱོལ་བོད་གཞུང་གི་ངོས་ནས་བཤད་ན། ༧གོང་ས་མཆོག་གི་དགོངས་གཞིར་འབྲེལ་ཡོད་སྟབས ། བཙན་བྱོལ་བོད་གཞུང་གིས་ཐོག་མར་གཞུང་ཞབས་ལས་བྱེད་ཚོར་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་འདི་ཚུགས་པའི་ཆེད་དུ་ལོ་ཤས་ནས་བཟུང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཡོད་ལ། རིམ་བཞིན་ཕྱོགས་མཐའི་མི་དམངས་དང་གདན་ས་ཁག སློབ་གྲྭ་ཁག་བཅས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧྲིལ་བོར་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་དེ་སྐྲུན་ཐབས་བྱས་ཡོད། ལར་ནས་ཕྱོགས་མཐའ་ཁག་གི་མི་དམངས་ནི་བཙན་བྱོལ་བོད་གཞུང་གི་ཡིན་ལ ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིའང་ཡིན།  སྒྲིག་འཛུགས་སུས་ཀྱང་རང་རང་གི་རྩ་དོན་ལངས་ཕྱོགས་ཀྱི་ངོས་ནས་བོད་མི་ཚོར་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་དེ་སྐྲུན་ཆོག ། ཡིན་ནའང་སྐབས་རེར་རྒྱ་ནག་གི་ཆབ་སྲིད་ཀྱི་རླུང་བུ་གཡུགས་ཕྱོགས་དབང་གིས་མི་དམངས་ནི་ཕྱོགས་གང་དུའང་ཤོར་སྲིད། དེ་དུས་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བའང་འགྱུར་སྲིད། དཔེར་ན ། བོད་རྒྱ་འབྲེལ་མོལ་གྱི་མགོ་ཚུགས་པ་ནས་བཟུང་བོད་དོན་ལས་འགུལ་གྱི་ཐོག་བཙན་བྱོལ་བོད་གཞུང་གི་ཁ་དབང་ཇེ་བཙན་དུ་གྱུར་ཞིང་། ཚོགས་པ་ཁག་གི་ལས་འགུལ་གྱི་ནུས་པ་ཉམས་དམས་སུ་གྱུར། ཤུགས་རྐྱེན་དེའི་འོག་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་བ་དང་བཙན་བྱོལ་བོད་མི་ཚོའི་སེམས་ངོར་བརྐོས་པའི་རང་བཙན་གྱི་ལྟ་བ་མཁྲེགས་པོ་དེའང་ཡལ་གྲབས་བྱས། དེ་ལྟར་ཡང་། ནང་པ་ལའི་མེ་མདའི་སྐད་དང་ལྷ་སར་སླེབས་པའི་མེ་འཁོར་གྱི་ལྡིར་སྒྲའི་འོག་ནས་བོད་མི་ཚོ་ཡང་བསྐྱར་སད། ཁ་ཕྱིར་འཁོར་ཏེ་ལས་འགུལ་སྣ་ཚོགས་ལ་བསམ་བློ་གཏོང་མགོ་ཚུགས། བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ཚུགས་ཐབས་བྱས ། བཙན་བྱོལ་བོད་གཞུང་གི་འབོད་སྐུལ་རིགས་ཀྱང་ཡལ་བར་གྱུར། དེ་ལྟར་ལོ་སྔོན་མ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་ཆབ་སྲིད་ཀྱི་ལས་འགུལ་མང་ཙམ་སྤེལ་ཡོད་ལ། ལོ་འདི་ཡང་ལས་འགུལ་གྱི་ཁྲོད་ནས་སྐྱེལ་རྒྱུའི་མནའ་སྐྱེལ་དམ་འཇོག་བྱས། འོན་ཀྱང་། ཁོང་ཚོའི་ལས་འགུལ་ལ་མི་དམངས་ཀྱི་མཉམ་ཞུགས་དགོས་སྟབས་མི་དམངས་ལ་གཏམ་བཤད་དང་། ཟབ་སྤྱོང་སོགས་སྤྲད་ནས་གང་ལྟར་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ཚུགས་པར་བྱེད་དགོས་པ་ཡིན། འདི་ལྟའི་གོ་སྐབས་ཡག་ཤོས་ཤིག་ནི། ལོ་གསར་རྗེས་ཀྱི་དཔྱིད་ཆོས་ཆེན་མོའི་སྐབས་ཡིན་ལ། ནམ་རྒྱུན་ལོ་གསར་སླེབས་ལ་ཉེ་སྐབས། བཞུགས་སྒར་ཉེ་འཁོར་གྱི་གཞུང་འབྲེལ་མ་ཡིན་པའི་སྲིད་དོན་མི་སྣ་དང་ཚོགས་པ་ཁག་གིས་ཕྱོགས་མཐའི་མི་དམངས་ལ་སྒུག་སྲོལ་ཞིག་ཡོད་ལ། ད་ལོ་ཡང་ཚོགས་པ་མི་ཉུང་བ་ཞིག་གིས་ཕྱོགས་མཐའི་མི་དམངས་ལ་སྒུག་ཡོད་སྐད་ཐོས། འདི་དག་གི་ཁྲོད་དུ་རང་བཙན་དང་རང་སྐྱོང་རྩོད་ལེན་པ། འཚེ་མེད་ཞི་བ་དང་ ། ཁོར་ཡུག་སྲུང་སྐྱོབ་པ། ད་དུང་༧གོང་ས་མཆོག་གི་དགོངས་དོན་དབུ་མའི་ལམ་ལ་ཟབ་སྦྱོང་དང་ལས་འགུལ་སྤེལ་མཁན་སོགས་ཡོད ། སྒྲིག་འཛུགས་དང་ཚོགས་སྡེ་འདི་དག་ཡོད་ཚད་ཀྱི་དམིགས་ཡུལ་མཐར་ཐུག་ནི ། མི་དམངས་ལ་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ཚུགས་རྒྱུ་དེ་ཡིན །

བཤད་སྟངས་དང་གོ་སྟངས་གང་ཡིན་ཡང་ ། བོད་ཀྱི་གནད་དོན་ནི་མི་རིགས་དང་རིག་གཞུང་གི་གནད་དོན་ཡིན་ལ ། བོད་ཀྱི་འཐབ་རྩོད་ནི་བདེན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་ཡིན་ཟེར ། བརྗོད་དུམ་འདི་གཉིས་ནི་དུས་རབས་ཉེར་གཅིག་པའི་ནང་གི་བོད་མི་ཚོའི་བོད་དོན་འཐབ་རྩོད་ཀྱི་བསམ་བློའི་རྩ་བ་ཡིན་སྐད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply