བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་སུ་བཅར་འདྲི།

༡  དྲི་བ། བཀའ་བློན་ཟུར་བ་རྣམ་པར་ད་ལྟའི་བོད་རྒྱའི་གནད་དོན་ཐད་བཀའ་ཤག་གི་སྲིད་བྱིས་འཛིན་སྟངས་དང་། དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་སྟངས་བཅས་ལ་ཅུང་དགོངས་ཚུལ་མི་མཐུན་པ་ཡོད་རབས་འདུག་ཟེར་བ་བདེན་པ་རེད་དམ།
ལན། སྔོན་མ་༧སྐུ་མདུན་གྱིས་བཀའ་ཤག་ལ་བཀའ་བློན་ཟུར་བ་རྣམ་པ་སྐད་བཏང་སྟེ། གྲོས་བསྡུར་བྱོས་གསུངས་ཡོད་ས་རེད། ཐེངས་གཉིས་ལ་ང་ཚོ་བཀའ་ཤག་དང་མཉམ་དུ་འཚོགས་རྒྱུ་བྱུང་ལ། ད་ལོ་ནི་ཐེངས་གསུམ་པ་དེ་ཡིན། ཚོགས་ཐེངས་སྔོན་མ་དག་ལའང་བརྗོད་གཞི་ཕལ་ཆེར་གཅིག་མཚུངས་རེད། སྐབས་དེར་བཀའ་བློན་ཟུར་བ་ཚོས་དོན་ཚན་བཅུ་གྲངས་ཡོད་པའི་ཚིག་ཐོ་ཞིག་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་གཉིས་ལ་ཕུལ་ཡོད། སྤྱིར་དེའི་ནང་གནད་དོན་ཁ་ཤས་སྟེང་བསམ་ཚུལ་བརྗོད་ཡོད་མོད། གཙོ་བོ་ཞིག་ནི་དབུ་མའི་ལམ་ལ་འགྲེལ་བཤད་མང་པོ་རྒྱག་རྒྱུ་མི་འདུག མཐའ་བཞི་མཐའ་བརྒྱད་སོགས་བཤད་པ་ཡིན་ན་མི་མང་འཐོམ་འགྲོ་བ་རེད། ༧གོང་ས་མཆོག་གིས་སུ་ཊ་སི་སྦག་ནས་གསུངས་པའི་དབུ་མའི་ལམ་དེ་ཡིན་ན། དེར་ནང་སྲིད་གྱི་རང་དབང་ཆ་ཚང་ཡོད་པ་ཞིག་རེད། ད་ལྟའི་དབུ་མའི་ལམ་གྱི་ནང་དུ་རྒྱ་ནག་གི་ས་ཁུལ་མི་རིགས་རང་སྐྱོང་ཟེར་གྱིན་ཡོད་པས། དེ་གཉིས་མཐུན་གྱི་མི་འདུག བོད་མིའི་རང་དབང་གསར་ཤོག་གི་མདུན་ཤོག་སྒང་དུ་བཀོད་ཡོད་པའི་དབུ་ལམ་གྱི་འགྲེལ་བཤད་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཟེར་བ་དེ་སི་ཊ་སི་སྦག་གི་དེའི་ནང་ཡོད་པ་མ་རེད། དེ་ཚོའི་གྲས་གསུང་རྒྱུ་མི་འདུག དེ་ལ་དོ་སྣང་དང་དགོངས་པ་བཞེས་དགོས་ཀྱིན་འདུག་ཅེས་བྲིས་ཡོད་ལ། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། བོད་ཀྱི་གནད་དོན་རྒྱ་ནག་དང་མཉམ་དུ་བཀའ་མོལ་དངོས་སུ་མགོ་འཛུགས་ཀྱིས་གྲོས་མོལ་དངོས་གཞིའི་སྐབས། རྒྱ་བོད་གཉིས་ཀའི་དཀའ་ངལ་ཕར་བཤད་ཚུར་བཤད་དང་། དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ཤེས་གང་ཡོད་འཚོལ་བའི་སྐབས་དེར་གཞི་ནས་ང་ཚོའི་བསམ་ཚུལ་ཕྱིར་འཐེན་བྱེད་དགོས་པ་དང་། ཁ་སྣོན་རྒྱག་དགོས་པ་མང་པོ་ཡོང་གི་རེད། དེ་མིན་པར་ཕར་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་སྣ་གཅིག་མ་བསྟན་གོང་ལ། ཚུར་ཕྱོགས་ནས་མང་ཐག་ཆོད་ཅིག་ཤོར་འགྲོ་བ་དེ་ཡག་པོ་མི་འདུག་བསམ་ཡོད།
དྲི་བ། བོད་ནང་གི་ཞི་བའི་གྱེན་ལངས་དང་དེ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པ་སོགས་ཀྱི་ཐད། བཙན་བྱོལ་བོད་གཞུང་གི་གི་ངོས་ནས་གྲ་སྒྲིག་བྱེད་སྟངས་དང་། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐད་དགོངས་འཆར་འདྲ་ཡོད་དམ།
ལན། ད་ཆར་འགན་འཁྲི་གཙོ་བོ་དེ་བཙན་བྱོལ་གཞུང་དམངས་ལ་བབ་ཡོད། དེ་གང་ཡིན་ཟེར་ན། རང་དབང་ཆ་ཚང་ཡོད་པ། རྐང་ལག་བཞི་ཆ་ཚང་འགུལ་སྐྱོག་རྒྱག་ས་དེ་གང་ཡིན་ཟེར་ན། ང་ཚོ་རང་དབང་ལུང་པ་འདི་རེད། དེར་བརྟེན་ཐེངས་འདིར་བོད་ནང་གི་མི་མང་པོའི་སྲོག་དང་ཁྲག་གི་འགྲོ་སོང་བཏང་སྟེ། དཀའ་ལས་བརྒྱབས་བཞག་པ་དེ། མུ་མཐུད་དུ་གནས་ཐུབ་པ་དང་། དེ་ལ་གྲུབ་འབྲས་ཡོང་ཆེད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་མགོ་ཁྲིད་དང་གནད་ཡོད་མི་སྣ་ཚང་མར་བོད་ཐོག་རྒྱབ་སྐྱོར་གྱི་འབོད་སྐུལ། དེ་བཞིན་བོད་རིགས་ཚོ་དང་། རྒྱ་རིགས་ཚོར་ལམ་སྟོན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གང་ཐུབ་ཀྱིས་འབྲེལ་བ་གནང་སྟེ་གསལ་བོ་བཟོ་དགོས། ༧སྐུ་མདུན་གྱིས་རྟག་པར་ང་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་གསུང་གིན་ཡོད་ལ། དེར་གྲུབ་འབྲས་ངེས་ཅན་ཞིག་འཐོན་གྱིན་ཡོད་པ་གསལ་བོ་རེད། དེ་ཚོའི་རེ་འདོད་དེ་མ་བརླག་པར་གྲུབ་འབྲས་རྡོག་རྡོག་ཅིག་རག་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེའི་ལས་འགན་བཙན་བྱོལ་བོད་གཞུང་དང་མི་དམངས། དེའི་ནང་ནས་བཙན་བྱོལ་གཞུང་ལ་ཡོད་པ་རེད། བཙན་བྱོལ་གཞུང་དེ་སྐྱབས་བཅོལ་བའི་གཞུང་མ་ཡིན་པར་བོད་གཞུང་རེད། བོད་ཀྱི་གཞུང་གང་ན་ཡོད་ས་དེར་ལས་འགན་ཡང་ཆ་ཚང་ཞིག་ཡོད་པ་རེད། བོད་ནང་གི་མི་དམངས་ལ་སློབ་གསོ་རྒྱག་དགོས་པ་ཡིན་ན་སློབ་གསོ་བརྒྱབས། ལམ་སྟོན་བྱ་དགོས་པ་ཡིན་ན་ལམ་སྟོན་བྱས། དེ་དག་གི་འགན་དང་ཐོབ་ཐང་ཆ་ཚང་ཡོད། ཐེངས་འདིར་ཡང་བོད་ཀྱི་མདོ་སྟོད་སྨད་ནས་ཕེབས་པ་ཚོ་དང་། དགོན་པ་ཁག་གི་དགེ་འདུན་པ་ཚོས་ནུས་པ་ཞེ་དྲག་བཏོན་ཏེ། གནས་ཚུལ་མང་པོ་ཞིག་རྒྱལ་སྤྱིའི་སྟེང་ལ་ཁྱབ་ཐུབ་པ་བྱུང་ཡོད། དེ་མིན་པ་ཡིན་ན། གཞན་ཕར་ཟད་གནས་ཚུལ་རག་རྒྱུ་ཡང་ཁག་པོ་རེད། བཙན་བྱོལ་བོད་གཞུང་དང་བོད་ནང་གཉིས་བར་འབྲེལ་བ་ཞེ་དྲག་མེད་པའི་བཟོ་འདྲ་བོ་འདུག དོན་གྱི་བདག་པོ་དེ་བོད་མི་དམངས་རེད། བོད་མི་དམངས་བོད་ནང་ཡོད་པ་རེད། དེ་ཚོའི་ཚབ་ཏུ་ལས་ཀ་བྱེད་མཁན་དང་འགན་འཁུར་མཁན་ང་ཚོའི་བཙན་བྱོལ་བོད་གཞུང་འདི་རེད། དེ་གཉིས་བར་འབྲེལ་བ་ཡག་པོ་ཞིག་མེད་སྟབས། གློ་བུར་དུ་འདི་འདྲའི་གནས་ཚུལ་བྱུང་སྐབས་གང་ཡང་མི་ཤེས་པའི་ཉེན་ཁ་ཞེ་དྲག་འདུག དུས་རབས་ཉེར་གཅིག་པའི་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཡོངས་རྫོགས་ལ་འགལ་ཡོད་པའི་རྒྱ་ནག་གི་བྱེད་སྤྱོད་འདི་རིགས། ནུས་པ་ཡོད་ཚད་ཀྱིས་རྒྱལ་སྤྱིར་སྟོན་མ་ཐུབ་པ་ཡིན་ན། བོད་ནང་གི་བོད་མི་དེ་ཚོ་མེ་མདའི་འོག་ནས་ལག་པ་སྟོང་བར་རྒྱུན་རིང་འདུག་ཐུབ་པ་ཁག་པོ་རེད། དེ་བཞིན་བོད་ནང་གི་གནས་ཚུལ་གྲང་མོ་ཆགས་པ་ཡིན་ན། རྒྱལ་སྤྱིའི་ནང་གི་གནས་ཚུལ་རང་བཞིན་གྱིས་གྲང་མོ་ཆགས་འགྲོ་གི་རེད། དེ་ལྟར་མི་འབྱུང་ཆེད་ལས་འགུལ་སྤེལ་དགོས་པ་གལ་ཆེ། ད་བར་བཙན་བྱོལ་བོད་གཞུང་དམངས་གཉིས་ནས་གང་ཐུབ་གནང་སོང་། གལ་ཆེ་ཤོས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐུབ་པ། བོད་པའི་གནས་ཚུལ་མུ་མཐུད་གནས་ཐུབ་པ་དང་། དེ་ལ་གྲུབ་འབྲས་ཡག་པོ་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད། དེའི་ཐོག་ལ་རྡོག་རྩ་སྒྲིལ་དགོས། ངས་གཞུང་གིས་བྱ་བ་བྱེད་ཀྱིན་མི་འདུག་ཟེར་གི་མེད། ང་ཚོས་ཚོགས་བསགས་རྒྱུ་དང་སྒྲུབ་པ་སྦྱང་རྒྱུ། འདོན་པ་འདོན་རྒྱུ་དེ་ཚོ་རེ་བ་དང་སྨོན་ལམ་ཙམ་རེད། གལ་ཆེན་ཡིན་སྲིད་ཀྱང་། ཁ་ཐུག་གི་དཀའ་ངལ་སེལ་ཐུབ་པ་རེད་དམ་ཞེ་ན་ཁག་པོ་རེད། བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་པ་འགྲིག་ཡོད་མེད་གང་ཡང་ཞུ་རྒྱུ་མེད། དེ་བཙུགས་པ་ཡག་པོ་བྱུང་འདུག་ཅེས་ཞུ་རྒྱུ་མེད་ལ། དེ་སྡུག་པོ་བྱུང་འདུག་ཅེས་ཞུ་རྒྱུ་ཡང་མེད། གལ་དེ་བོད་གཞུང་དམངས་གཉིས་ཀྱི་ཛ་དྲག་གི་ལས་འགུལ་ཚོགས་ཆུང་ཞིག་ཡིན་ན། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དངོས་དེ་གང་ཡིན་པ་ངེས་ཟིན་པ་དང་། ལས་འགུལ་གང་ཡིན་འཐུས་ཤོར་མེད་པར་དེའི་སྟེང་དུ་སླེབས་ཐུབ་པ། དེ་སེལ་བར་ཕན་ནུས་ལྡན་པའི་ལས་འགུལ་ཏག་ཏག་བསྒྲུབ་ཐུབ་ཀྱིན་ཡོད་མེད་བཅས་ལ་རག་ལས་ཡོད།
དྲི་བ། སྐུ་ཉིད་སྔོན་མ་བཀའ་ཁྲི་ཡིན་པའི་སྐབས་དང་། ད་ལྟའི་བཀའ་ཤག་སྐབས་བཅུ་གཉིས་པའི་བར་རྒྱ་ནག་གིས་བོད་ཐོག་སྲིད་བྱུས་འཛིན་སྟངས་ཐད་ཁྱད་པར་འདྲ་མཐོང་གིན་འདུག་གམ།
ལན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྔར་ལས་ཇེ་མཁྲེགས་དང་། ཇེ་སྡུག་ཏུ་ཞེ་དྲག་སོང་ཡོད་པ་རེད། སྔོན་མ་ ༡༩༨༧ ནས་འབྲེལ་བ་བསྐྱར་མཐུད་བྱུང་བ་རེད། བོད་པ་ཚང་མས་གྲུབ་འབྲས་ཤིག་མི་ཡོང་ངམ་སྙམ་ཏེ། དགའ་དགའ་སྐྱིད་སྐྱིད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་སྣང་གསར་བ་ཞིག་བྱས། གཞུང་གིས་ཀྱང་བྱས་རྗེས་ཆེན་པོ་ཞིག་འཇོག་གིན་ཡོད་པའི་བཟོ་ལྟ་བསྟན་པ་རེད། གྲོས་མོལ་གཅིག་དང་གཉིས་རིམ་པས་བྱས་ཀྱང་། གསལ་བོ་གང་ཡང་བྱུང་ཡོད་པ་མ་རེད། འོན་ཀྱང་། མང་ཚོགས་ཀྱིས་སྔར་བཞིན་རེ་བ་བརྒྱབས་བསྡད་པ་རེད། ཐེངས་བཞི་བ་ལྔ་བ་ནས་བཟུང་ཁ་ཇེ་གསལ་དང་གནས་སྟངས་ཇེ་སྡུག་ཏུ་སོང་སྟེ། མཐར་གང་ཡང་མེད་སར་ཐུག་ཅིང་། གྲུབ་འབྲས་སྣ་གཅིག་ཀྱང་མ་ཐོན་པ་རེད། ཕར་གསུང་དགོས་པ་དེ་གསལ་བོ་བྱས་ཡོད། ཚུར་ལབ་པ་དེ་གསལ་བོ་ལབ་སོང་ཟེར། ཚུར་གང་ཞིག་ལབ་ཡོད་པ་གསལ་བོ་རེད། ༧ཏྰ་ལའི་བླ་ཁ་བྲལ་བ་རེད། རང་བཙན་རྩོད་ཀྱིན་ཡོད་པ་རེད། དེ་འདྲ་རྐྱང་རྐྱང་ལས་ཕར་ཕྱོགས་ནས་བསམ་ཞིབ་བྱེད་རྒྱུན་ཡོད་པ་མ་རེད། དེར་བརྟེན་བོད་རྒྱའི་གནས་སྟངས་འདི་སྔར་ལས་ཇེ་སྡུག་ལ་ཞེ་དྲག་སོང་ཡོད་པའི་མི་ཚད། སྡུག་པའི་མཐར་ཐུག་ཡོད་པ་རེད། སྔོན་མ་འབྲེལ་བ་ཆད་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་གསལ་བོ་གང་ཡང་བཟོས་མེད་པར་བརྟེན། རེ་བ་མུ་མཐུད་དུ་གནས་ཡོད། ཉེ་ཆར་ནས་གསལ་བོ་བཟོས་སོང་། ༧རྒྱལ་བ་རིན་པོ་ཆེ་དགྲ་ཨང་དང་པོར་རྩིས་ཏེ། ཁོང་ལ་མཚན་སྨད་བྱེད་པ་ཁོ་ནར་བརྩོན་པ་རེད། ༧རྒྱལ་བ་རིན་པོ་ཆེ་བོད་པའི་ཁོག་གི་སྙིང་དང་སྲོག་རེད། གུང་ཁྲན་ཏང་གིས་བོད་པར་བསམ་བློ་གཏོང་གིན་ཡོད་ན། བོད་པ་དང་མཉམ་དུ་འདུག་འདོད་ཡོད་ན། ༧རྒྱལ་བ་རིན་པོ་ཆེའི་གནང་སྟངས་འགྲིག་གིན་མེད་པའི་མཐོང་ཚུལ་ཡོད་ཀྱང་ལབ་སྟངས་དེ་འདྲ་མ་རེད། བྱེད་སྟངས་དེ་འདྲ་མ་རེད།
དྲི་བ། རྒྱལ་སྤྱིའི་སྟེང་བལྟས་པ་ཡིན་ན་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྔར་དང་མི་འདྲ་བའི་འགྱུར་བ་འདྲ་མཐོང་གིན་འདུག་གམ།
ལན། སྔོན་མ་ང་ཚོའི་བཀའ་ཤག་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་རྒྱུ་ཁག་ཤོས་དེ་ཧྥ་རན་སི་དང་འཇར་མན་རེད། ཁོང་ཚོ་སྟོབས་ཆེན་པོ་ཡིན་སྟབས་ཁ་ཡ་བྱེད་པ་མ་རེད། ད་ལྟའི་ཆར་ཧྥ་རན་སི་ལྟ་བུར་མཚོན་ན་མདུན་དུ་ཚུར་ཡོང་གིན་འདུག དེ་གང་ཡིན་ཟེར་ན་བོད་པའི་ཐོག་ན་ཁེ་ཕན་ལེན་རྒྱུ་ཡོད་པ་དང་། བོད་མི་ཚོར་འཇོན་ཐང་ཡོད་པས་མ་རེད། ༧སྐུ་མདུན་གཅིག་པུའི་གཟི་བརྗིད་དང་ནུས་སྟོབས་རེད། འཇར་མན་ཕྱི་སྲིད་བློན་ཆེན་གྱིས་ཀྱང་ཉི་ཧོང་སྲིད་འཛིན་ལ། བོད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་གནས་ཚུལ་ཞིག་ཆགས་པ་རེད་ཅེས་བརྗོད་ཡོད། གནས་སྟངས་གང་གི་ཆ་ནས་ད་ལྟ་བོད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་གནས་ཚུལ་ཞིག་མི་ཆགས་རང་ཆགས་སུ་གྱུར་ཡོད།
དྲི་བ། ད་ལོའི་དོན་རྐྱེན་འདེ་དག་ལ་བརྟེན་ནས་རྒྱ་ནག་གིས་བོད་ཀྱི་མ་འོངས་པའི་གནས་སྟངས་ཐད་འགྱུར་བ་འདྲ་གཏོང་སྲིད་དམ།
ལན། ད་ལྟའི་བོད་ནང་གི་གནས་སྟངས་འདི་མ་ཉམས་པ་དང་། ཕྱི་ལོགས་ཀྱི་ལས་འགུལ་མུ་མཐུད་ཐུབ་པ་ཞིག་བྱུང་བ་ཡིན་ན། རྒྱ་ནག་གིས་བསམ་བློ་མི་གཏོང་རང་གཏོང་ཞིག་ཆགས་ཡོང་གི་རེད། ནམ་རྒྱུན་རྒྱ་ནག་གིས་བོད་ཟེར་ན། བོད་རང་སྐྱོང་ལྗོངས་གཅིག་པུར་གོ་བ་ལེན་བཞིན་ཡོད། ཐེངས་འདིར་རྒྱ་གཞུང་གིས་བོད་པ་སུ་ཡིན་ཧ་གོ་སོང་བ་རེད། སྔོན་ཆད་དོན་ངོ་མས་ཤེས་ཀྱིན་མེད་ན། བཙན་གྱིས་ཤེས་སུ་བཅུག་སོང་བ་རེད། མ་ཤེས་ཁུལ་བྱས་པ་ཡིན་ན་ངོ་ཚ་ཁ་རྐྱང་བཟོས་ཡོད། དེར་བརྟེན་རྒྱ་ནག་ལ་བོད་པས་དཀའ་ངལ་སྤྲོད་ཐུབ་པ་ཡིན་ན། བསམ་བློ་ཞིག་མི་གཏོང་རང་གཏོང་ཆགས་གི་རེད། དེ་འདྲ་ཞིག་ང་ཚོས་བཟོ་ཐུབ་དང་མ་ཐུབ་ལ་རག་ལས་ཡོད། ཐུགས་རྗེ་གཟིགས་རོགས་ཟེར་བས་ཕན་ཐོག་གི་མ་རེད། གཞོན་ནུས་རང་བཙན་བརྩད་པ་ཡག་པོ་མི་འདུག ཚང་མས་དབུ་མའི་ལམ་བརྩད་པ་ཡིན་ན་གྲུབ་འབྲས་འཐོན་གི་རེད་ཟེར་མཁན་འདུག བོད་མི་སྤྱི་བོ་གནམ་བསྟན་ཡོངས་གཅིག་གྱུར་ཆགས་ཀྱང་གྲུབ་འབྲས་གང་ཡང་འཐོན་རྒྱུ་ཡོད་པ་མ་རེད། དེ་ལས་རང་བཙན་ལབ་པ་གཟི་བརྗིད་རེད། ༧གོང་ས་མཆོག་གིས་དབུ་མའི་ལམ་གཏན་འབེབས་བྱེད་སྐབས། བོད་མི་བརྒྱ་ཆའི་བརྒྱད་ཅུ་ལྷག་གིས་རྒྱབ་སྐྱོར་ཡོད་ཟེར་ཡང་། ཐེངས་འདིའི་དོན་རྐྱེན་ཁྲོད་བོད་མི་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བོད་རང་བཙན་ཡིན་ཞེས་སྐད་བརྒྱབས་ཡོད། ༧གོང་ས་མཆོག་གིས་དེ་ལ་མ་ལྟོས་པར་དབུ་མའི་ལམ་རྒྱུན་འཁྱོངས་བྱེད་པའི་དགོངས་གཞི་རྒྱ་ཆེན་དེ་ལ། རྒྱ་ནག་གིས་བསམ་ཞིབ་བྱ་ཤེས་ཀྱིན་མི་འདུག ང་ཚོས་ངེས་པར་དུ་རྒྱ་ནག་ལ་དཀའ་ངལ་སྤྲོད་ཐུབ་པ་ཞིག་བཟོ་དགོས། དེ་ལྟར་བྱས་ཀྱང་དཀའ་ལས་ཁག་པོ་རེད་ཟེར་མཁན་ཡོད་ཀྱང་། མ་འོངས་པ་དེ་སུས་ཀྱང་བཤད་མི་ཐུབ་པ་ཞིག་རེད། ཐེངས་འདིར་ཡང་བོད་མི་ཚོས་རྒྱ་ནག་ལ་ཕར་ཅི་ཞིག་བྱས་ན། ཚུར་གང་ཞིག་རག་རྒྱུ་ཡིན་པ་ཤེས་ཀྱིན་ཡོད་ཀྱང་དེར་འཛེམ་ཟོན་་བྱས་མེད། དེ་མུ་མཐུད་ཐུབ་པ་ཡིན་ན་གྲུབ་འབྲས་ཤིག་ཏན་ཏན་ཡོང་གི་རེད་སྙམ་ཡོད།

བསྐྱར་བཅོས།: ༢༠༠༨/༠༧/༠༢

Leave a Reply