སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལ་བཅར་འདྲི། (ཚན་པ་གཉིས་པ།)

དྲི་བ། སྐུ་ཉིད་ཀྱིས་བརྩམས་སྒྲུང་དང་སྙན་ངག སྤྱིར་བཏང་གི་རྩོམ་རིག་བཅས་ལས་གང་ཞིག་སྤྱི་ཚོགས་ཡར་སྐུལ་གྱི་ནུས་པ་ཆེ་ཤོས་སུ་དངོས་འཛིན་བྱེད་ཀྱིན་ཡོད་དམ།
ལན། སྤྱི་ཚོགས་ཡར་སྐུལ་གྱི་ནུས་པ་ཆེ་ཤོས་ཀྱི་རྩོམ་རིག་འདི་རེད་ཅེས་མཛུབ་མོ་འཛུགས་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན་བོད་ཀྱི་སྤྱི་ཚོགས་ལྟ་བུར་མཚོན་ན། སྤྱིར་བཏང་གི་སྤྱི་ཚོགས་ཤིག་དང་དགོན་སྡེ་སྤྱི་ཚོགས། སློབ་གྲྭའི་སྤྱི་ཚོགས། དེ་བཞིན་ཚོང་པ་དང་ལས་བྱེད། བཟོ་བ་སོགས་གྲུབ་ཆ་སྣ་ཚོགས་ལས་གྲུབ་པའི་སྤྱི་ཚོགས་སྣ་འདུས་རང་བཞིན་ཅན་ཞིག་རེད། དེའི་རྐྱེན་གྱིས་དགོན་སྡེ་སྤྱི་ཚོགས་ལྟ་བུར་མཚོན་ན་ཕོ་མོའི་བརྩེ་དུང་གི་བརྩམས་སྒྲུང་ཀློག་མཁན་མང་ཡང་། དགོན་སྡེ་སྤྱི་ཚོགས་ལ་དེ་ཙམ་གྱི་ནུས་པ་ཐོན་མི་ཐུབ། དེ་ལས་ཁོང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཞུགས་ཏེ། སྲོལ་རྒྱུན་སྙན་ངག་ལྟ་བུས་ནུས་པ་འཐོན་པ་རེད། སྤྱི་ཚོགས་ཞེས་པ་སྤྱི་འདུས་རང་བཞིན་ཅན་ཞིག་ཡིན་སྟབས། མཐའ་གཅིག་ཏུ་འདི་ཡིས་ནུས་པ་འཐོན་གི་རེད་ཅེས་བརྗོད་ཐུབ་གི་མ་རེད། སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ན་ཡང་། ཐོག་མར་རང་ཉིད་གནས་སའི་སྤྱི་ཚོགས་དེར་ངོས་ཟིན་དང་ངོས་འཛིན་གསལ་བོ་ཞིག་ཡོད་དགོས་པ་དེ་གལ་ཆེན་ཡིན།
དྲི་བ། དེང་སྐབས་བོད་ཕྱི་ནང་གི་ན་གཞོན་རྩོམ་པ་པོ་གང་མང་ཞིག་གིས་བོད་མིའི་ཆག་འཇིག་དང་། ཉམས་རྒུད་ཐ་དག་ནང་བསྟན་ཆོས་ལུགས་གཙོ་བྱས་པའི་སྲོལ་རྒྱུན་རིག་གནས་དག་ལ་འབྲེལ་བ་ཡོད་ཚུལ་རྗོད་བཞིན་འདུག་པར་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ།
ལན། སྤྱིར་སྐྱོན་གླེང་མཁན་ཚོས་སྐྱོན་རྐྱང་རྐྱང་གླེང་བ་དང་། དགེ་བ་གླེང་མཁན་ཚོས་དགེ་བ་རྐྱང་རྐྱང་གླེང་བའི་རྐྱེན་གྱིས་རྩོད་པ་དེ་བྱུང་བ་རེད། ནང་བསྟན་ཆོས་ལུགས་བོད་དུ་དར་བ་ནས་ཁེ་ཕན་རྐྱང་རྐྱང་བསྒྲུབས་པ་ཞིག་མིན་ལ། ནག་ཉེས་རྐྱང་རྐྱང་བཟོས་པ་ཞིག་དེ་བས་ཀྱང་མིན། ཆོས་ལུགས་པ་ཚོས་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་དང་། རིག་གནས་གསར་བར་བཀག་འགོག་མ་བྱས་པ་ཡིན་ན་འགལ་བ་དེ་བྱུང་གི་མ་རེད། ཅི་ཙམ་གྱི་བཀག་འགོག་ཡོད་ན། དེ་ཙམ་གྱིས་འགལ་བ་དེ་རྣོ་ངར་ཆེ་རུ་འགྲོ་བ་རེད། ཡུ་རོབ་ལྟ་བུར་མཚོན་ནའང་དུས་རབས་བར་མའི་སྐབས། ལོ་ཆིག་སྟོང་ཙམ་ལ་བོད་དང་འདྲ་བར་སྤྱི་ཚོགས་ཡོངས་ཆོས་སྤྱོད་ཤེས་རིག་གིས་བཟུང་བ་ཡིན་སྟབས། བློ་འབྱེད་ལས་འགུལ་དེ་ལངས་པ་རེད། བོད་ལ་མཚོན་ན་གོང་གི་དེ་ནི་རྩོད་པ་ཆེནཔོ་ཞིག་དང་། གནད་དོན་ཆུང་ཆུང་ཞིག་རེད། ང་རང་གིས་ཀྱང་ནང་ཆོས་སོགས་སྲོལ་རྒྱུན་རིག་གནས་སྦྱོང་ཁུལ་བྱས་མྱོང་ཡོད་ལ། འཛམ་གླིང་ཤར་ནུབ་ཀྱི་དེང་རབས་རིག་གནས་ཀྱང་གང་ལ་གང་འཚམ་སྦྱང་མྱོང་ཡོད། འོན་ཀྱང་ང་རང་མི་གཅིག་གི་སྟེང་ནས་འགལ་འདུ་གཉིས་བྱུང་མ་མྱོང་། ད་དུང་ནུབ་ཕྱོགས་མཚན་ཉིད་རིག་པ་ལྟ་བུར་སློབ་སྦྱོང་བྱེད་སྐབས་ཕན་ཐོགས་ཆེན་པོ་བྱུང་སོང་། དཔེར་ན། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཅུང་མི་གསལ་བའི་རིགས་ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་དུ་གསལ་བོ་བཟོས་ཡོད་པ་དང་། ཡང་ནུབ་ཕྱོགས་མཚན་ཉིད་རིག་པའི་གཏན་ཚིགས་ཀྱི་འགྲོ་སྟངས་ཅུང་མི་གསལ་བའི་རིགས། ནང་བསྟན་ཆོས་ལུགས་ནང་ཇེ་གསལ་དུ་བཏང་ཡོད་པ་སོགས་ཕན་ཚུན་འབྲེལ་ཡོད་ཀྱི་གནད་དོན་མང་པོ་འདུག
བདག་དཔེ་ཚོགས་ཀྱི་རྩོམ་པ་པོ་དག་གིས་གླེང་བཞིན་པའི་ཆོས་ལུགས་ཀྱི་གནད་དོན་དང་། སྤྱི་ཚོགས་ཀྱི་གནད་དོན་དེ་དག་དངོས་ཡོད་གནད་དོན་ཡིན་མིན་ལ་དོགས་པ་ཡོད་པ་མ་རེད། འོན་ཀྱང་། ང་ཁོང་ཚོའི་འཕྲལ་ཕུགས་གཉིས་ཀར་དཔྱོད་བྱེད་ཀྱི་རིགས་པ་དང་ཤེས་ཡོན་ལ་དོགས་པ་ཡོད། ཁོང་ཚོའི་ཤེས་ཡོན་བརྒྱུད་ལམ་ངར་ཧ་ཅང་གསལ་ཆ་ཡོད། ཁོང་ཚོར་བོད་རང་གི་གནའ་དེང་གི་རིག་གནས་རྨང་གཞི་བརྟན་པོ་ཞིག་མེད་པའི་ཁར། རྒྱ་ནག་དང་ནུབ་ཕྱོགས་སོགས་མི་རིགས་གཞན་པའི་ཤེས་ཡོན་དེ་བས་ཡོད་པ་མ་རེད། དཔེ་ཀློག་ཐན་ཐུན་རེ་བྱས་ཏེ། རྟོག་པ་རང་བརྡོལ་ཚུལ་གྱིས་སྐད་ཆ་བཤད་བཞིན་ཡོད་སྟབས། དེ་ལྟ་བུ་ཞིག་གིས་མི་རིགས་ཤིག་དང་ཤེས་རིག་ཅིག་ལ་ཁ་ལོ་བསྒྱུར་རྒྱུ་ཡིན་ཞེས་ན། དེ་ནི་ཉེན་ཁ་ཆེན་པོ་དང་། གཟབ་ནན་བྱ་དགོས་པ་ཞིག་རེད། སྤྱིར་བཏང་དགོན་པའི་ཤེས་ཡོན་པ་ཚོས་དེང་རབས་ཤེས་ཡོན་མ་སྦྱང་བ་དང་། སློབ་གྲྭའི་ཤེས་ཡོན་པ་ཚོས་དགོན་སྡེ་ཤེས་ཡོན་མ་སྦྱང་བའི་ཉེར་ལེན་ལ་བརྟེན་ནས་རྩོད་པ་འདི་ལྷགས་པ་རེད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཤེས་ཡོན་ལ་སློབ་སྦྱོང་དང་ཉམས་ཞིབ་བྱ་ཐུབ་ན། ནང་དོན་རིག་པ་འདི་ལས་ད་དུང་གོ་དོན་གསུམ་པ་ཞིག་བརྙེད་མི་སྲིད་པ་མིན། གོ་དོན་དང་པོ་རྒྱ་གར་གྱིས་བླངས་ཡོད་ལ། གོ་དོན་གཉིས་པ་བོད་རང་གིས་བླངས་ཡོད། ད་ནི་དེང་རབས་ཚན་རིག་དང་ནུབ་ཕྱོགས་མཚན་ཉིད་རིག་པ་སོགས་དང་དཔྱད་བསྡུར་གཤིབ་གསུམ་ནན་གྱིས་བྱ་ཐུབ་ན། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ལས་གོ་དོན་གསུམ་པ་ཞིག་བརྙེད་ཀྱང་མི་སྲིད་པ་མ་རེད།
དྲི་བ། ཧྥ་རན་སིའི་རྩོམ་པ་པོ་པོ་ཏི་ལེཨར་དང་། རྒྱ་གར་གྱི་བྷེ་ཧར་ཨམ་ཊེ་ཁ། རྒྱ་ནག་གི་ལུའུ་ཞུན་སོགས་ཀྱིས་སྐབས་དེ་དག་གི་སྤྱི་ཚོགས་ལ་སྣེ་ཁྲིད་དང་གཡོ་འགུལ་ཆེན་པོ་བསླངས་ཡོད། འོན་ཀྱང་བོད་ལ་དེ་ལྟ་བུའི་རྩོམ་པ་པོ་གཅིིག་ཀྱང་ད་བར་མ་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ།
ལན། བོད་ཀྱི་རྩོམ་པ་པོ་རྣམས་དང་མི་རིགས་གཞན་གྱི་རྩོམ་པ་པོ་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་རེད། མི་རིགས་གཞན་གྱི་སྤྱི་ཚོགས་ལ་གཡོ་འགུལ་སློང་མཁན་རྩོམ་པ་པོ་དེ་དག་ལ་སོ་སོའི་རིག་གཞུང་གི་རྨང་གཞི་བརྟན་པོ་ཡོད་པའི་ཁར། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སློབ་གྲྭ་ཆེན་མོ་འགྲིམས་ཏེ་ཤེས་ཡོན་སྣ་འཛོམས་རང་བཞིན་ཅན་ཤ་སྟག་རེད་ལ། རྒྱབ་སྐྱོར་བྱེད་མཁན་མི་དམངས་ཚོ་ཡང་ཡིག་རྨོངས་སེལ་ཡོད་སྟབས། ལས་འགུལ་དེའི་མིང་ལ་བློ་འབྱེད་ལས་འགུལ་ཟེར། དེར་བརྟེན་རྒྱ་ནག་གི་ལུའུ་ཞུན་ང་བཞིའི་ལས་འགུལ་དང་དུས་ཐུག་ཡོད་ལ། ནུབ་ཕྱོགས་པ་དེ་ཚོ་བློ་འབྱེད་ལས་འགུལ་དང་དུས་ཐུག་ཡོད། སྐབས་དེར་གོང་རིམ་ནས་ཤེས་ལྡན་མི་སྣ་ཚོས་སྣེ་འཁྲིད་ཀྱིས་ལས་འགུལ་སྤེལ་ཅིང་། འོག་ནས་མི་དམངས་ཀྱིས་ཤེས་ལྡན་མི་སྣ་དེ་དག་གི་ལྟ་གྲུབ་དང་བསམ་བློ་ཁྱབ་བསྒྲགས་ཤུགས་ཆེན་བྱས་པར་བརྟེན་ནུས་པ་ཐོན་པ་རེད། བོད་པ་ཚོ་དེ་འདྲ་མ་ཡིན་པར་ངས་བཤད་པ་ཁོ་ན་བདེན་དོན་ཡིན་ཟེར་གྱིན་ཡོད་སྟབས་མ་འགྲིག་པ་རེད། དཔེར་ན། སངས་རྒྱས་ཀྱིས་བདེན་དོན་གསུངས་ཡོད་པ་བདེན་མོད། བདེན་དོན་ཐམས་ཅད་སངས་རྒྱས་ཁོ་ནས་གསུང་དགོས་ཞེ་ན་འགྲིག་གི་མ་རེད། ང་ཚོས་སངས་རྒྱས་ཀྱིས་བདེན་དོན་མང་པོ་ཞིག་གསུང་ཡོད་པའི་མི་ཚད། ད་དུང་གཞན་དུའང་བདེན་དོན་གསུང་མཁན་མང་པོ་ཞིག་ཡོད་པ་ཤེས་དགོས།
དྲི་བ། སྙན་ངག་དང་། རི་མོ། རོལ་དབྱངས་གསུམ་ལ་འབྲེལ་བ་ཅི་ཞིག་འདུག་གམ།
ལན། དེ་ཚོ་ཚང་མ་སྒྱུ་རྩལ་གྱི་ཁུངས་གཏོགས་རེད། འུ་ཅག་གི་གཞུང་ན་དེ་རིགས་གསལ་བོ་ཡོད་པ་མ་རེད། ནུབ་ཕྱོགས་པའི་སྒྱུ་རྩལ་མཚན་ཉིད་རིག་པ་དང་། ལྷག་པར་དུ་མཛེས་དཔྱོད་རིག་པའི་གཞུང་ལུགས་དག་ན་ཧ་ཅང་གསལ་བོར་བཤད་ཡོད་པ་རེད། སྒྱུ་རྩལ་ལ་རྩ་བའི་ཆ་ནས་དུས་དང་འབྲེལ་བའི་སྒྱུ་རྩལ། ཡུལ་དང་འབྲེལ་བའི་སྒྱུ་རྩལ། ཡུལ་དུས་གཉིས་དང་འབྲེལ་བའི་སྒྱུ་རྩལ་བཅས་རིགས་གསུམ་ཡོད། གལ་ཏེ་ཁྱོད་སྒྱུ་རྩལ་པ་ཆ་ཚང་ཞིག་ཆགས་འདོད་ན་དེ་གསུམ་པོ་ཤེས་དགོས། དཔེར་ན། རི་མོ་དང་པར་ལ་འགེལ་ས་དང་འཇོག་སའི་ཡུལ་ཞིག་དགོས་སྟབས། ཡུལ་དང་འབྲེལ་བའི་སྒྱུ་རྩལ་རེད། རོལ་དབྱངས་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རྫོགས་དགོས་སྟབས། དུས་དང་འབྲེལ་བའི་སྒྱུ་རྩལ་རེད། སྙན་ངག་ནི་ཤོག་ངོས་སོགས་འབྲི་སའི་ཡུལ་ཞིག་དགོས་ལ། ད་དུང་རྩོམ་པ་པོ་ཞིག་གིས་དུས་ཚོད་ངེས་ཅན་ཞིག་གཏོང་དགོས་སྟབས། ཡུལ་དུས་གཉིས་དང་འབྲེལ་བའི་སྒྱུ་རྩལ་རེད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ཀློག་པ་པོ་ཆེས་ཉུང་བ་དང་། སྐུ་ཉིད་ཀྱི་བརྩམས་ཆོས་རྣམས་བོད་ཡིག་གི་ནང་བྲིས་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བཙན་བྱོལ་སྤྱི་ཚོགས་ནང་དྲང་བདེན་མིན་པ་དང་ཆེས་མི་སྙན་པ་ཞིག་ཡོད་པ་ནི། རྒྱ་ནག་གིས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་བོད་ཀྱི་སྐད་ཡིག་རིག་གཞུང་བཀག་སྡོམ་དང་གཏོར་བརླགས་བཏང་སོང་ཟེར་གྱིན་ཡོད་པ་འདི་རེད། སྤྱིར་གཏོར་བརླགས་བཏང་བ་ལོ་རྒྱུས་ཀྱི་བདེན་དོན་རེད། འོ་ན། བཙན་བྱོལ་སྤྱི་ཚོགས་ནང་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་རྒྱ་བོད་དབྱིན་གསུམ་གང་ཞིག་སྦྱོང་བསམ་ཡང་བཀག་འགོག་དང་གཏོར་བརླགས་གཏོང་མཁན་གཅིག་ཀྱང་ཡོད་པ་མ་རེད་དེ། དེང་སྐབས་བོད་ནས་ཡོང་མཁན་བཙན་བྱོལ་ནས་འཚར་ལོང་བྱུང་མཁན་གཉིས་བསྡུར་ན། བོད་ཡིག་གི་ཆུ་ཚད་ཐད་སྡབ་མང་པོ་ཞིག་གིས་བོད་ནས་གསར་དུ་འབྱོར་རིགས་ཚོའི་ཚད་གཞི་མཐོ་བ་ཡིན་དོན་ཅི་རེད། དེས་ན་གོང་གི་སྐད་ཆ་དེས་ཅི་ཞིག་ར་སྤྲོད་ཐུབ་ཀྱིན་འདུག རང་ཉིད་ལ་རིག་གཞུང་ཞིག་ཡོད་བཞིན་དུ་འཛིན་སྐྱོང་སྤེལ་གསུམ་དང་བཀོལ་སྤྱོད་མི་བྱེད་ན། དེ་སྤྱོད་མཁན་སུ་ཡིན། རྒྱུ་རྐྱེན་དེ་དག་ལ་བསམས་ཏེ་ཐེངས་འདིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་ཀློག་པ་པོ་ཡོད་མེད་དང་། དཔར་སྐྲུན་གྱི་དཀའ་ངལ་སོགས་གང་ལའང་མ་ལྟོས་པར་སྙན་དེབ་འདིའི་ནང་གི་ཤོག་ངོས་ཨང་གྲངས་དང་བཅས་པ་བོད་ཡིག་བཀོལ་ཡོད།
དྲི་བ། སྐུ་ཉིད་ཀྱི་འདས་པའི་བརྩམས་ཆོས་དག་ལས་རང་ཉིད་སྤོབས་པ་སྐྱེས་འོས་དེ་གང་ཡིན་པ་དང་། དེའི་སྒྱུ་མཚན་ཅི་ཡིན་ནམ།
ལན། ངས་ད་བར་བྲིས་པའི་བརྩམས་ཆོས་དག་ལས། ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་ཞིག་བྲིས་ཡོད། དེ་ནི་ང་རང་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་སྙམ་ཡོད། གང་ཡིན་ཞེ་ན། བཙན་བྱོལ་ནང་ངས་ཤེས་ཀྱིན་མེད་མོད། བོད་ནང་ལྟ་བུར་མཚོན་ན། ཆེད་ལས་ནུབ་ཕྱོགས་མཚན་ཉིད་རིག་པར་སྤྱོང་མཁན་ཕལ་ཆེར་ང་རང་ཐོག་མ་ཡིན། སྐབས་དེར་སློབ་སྤྱོང་དང་ཞིབ་འཇུག་གི་ཞོར་ནས་བྲིས་པ་ཞིག་ཡིན་ལ། བོད་རང་གི་སྲོལ་རྒྱུན་མཚན་ཉིག་རིག་པ་དང་མི་རིགས་གཞན་གྱི་མཚན་ཉིག་རིག་པའི་གཞུང་ལུགས་མང་པོ་གཤིབ་བསྡུར་ནན་གྱིས་བྱས་ཏེ་བྲིས་ཡོད། དེ་སྔ་བོད་ནང་དུ་མཚན་ཉིད་རིག་པའི་སྐོར་བྲིས་ཡོད་པ་ཁ་ཤེས་འདུག་ཀྱང་། དེ་དག་ཆེད་སྦྱོང་སྟེང་ནས་བྲིས་པ་མ་རེད་ལ། དེའི་ཁྲོད་ཚད་ལྡན་ཡིན་མིན་གཉིས་ཀ་འདུག འོན་ཀྱང་། བདག་གི་དེབ་དེ་དག་གི་བཟང་ངན་དེ་མ་འོངས་པར་ཀློག་མཁན་གྱི་ངོས་ནས་ཐག་གིས་གཅོད་དགོས་པ་ཞིག་རེད།
དྲི་བ། རྒྱ་ནག་གི་རྩོམ་པ་པོ་ཝེ་ཅིན་ཧྲིན་དང་། མའོ་ལའོ། ཡེའུ་ཅེ་སོགས་ནི་རྒྱ་ནག་གི་སྒལ་ཚུགས་ཡིན་ཟེར་གྱིན་ཡོད། འོན་ཀྱང་བོད་རང་ལ་དེའི་ཚབ་མཚོན་ཐུབ་མཁན་ཞིག་འཇོག་རྒྱུ་ཡོད་དམ།
ལན། བདེན་པ་རེད། རྒྱ་ནག་ལ་རྒྱལ་ཁབ་རིམ་པའི་རྩོམ་པ་པོ་དང་། རང་དབང་གི་རྩོམ་པ་པོ་ཟེར་བ་སྐོར་ཅིག་ཡོད། ཡེའུ་ཅེ་ང་རང་གིས་ངོ་ཤེས་ཀྱིན་ཡོད། ཁོང་པེ་ཅིན་སློབ་ཆེན་གྱི་སློབ་མ་རེད། བར་སྐབས་ཤིག་ལ་རྒྱ་ནག་གཞུང་ལ་དགག་པ་རྒྱག་མཁན་གྱི་རྩོམ་པ་པོ་ཡེའུ་ཅེ་དང་ཝང་ལུ་ཞིན་སོགས་ལ་མང་པོ་ཞིག་གིས་དགའ་མོས་དང་མཐོང་ཆེན་བྱས་ཡོད། གང་ཡིན་ཞེ་ན། སློབ་གྲྭ་ཆེན་མོ་བ་དང་། རྩོམ་པ་པོ། མང་ཚོགས་དཀྱུས་མ་བཅས་ཀྱི་སེམས་གཏིང་གི་ན་ཟུག་ཡོད་ཚད་མི་གཅིག་གིས་བཤད་ཡོད་པ་རེད། འོན་ཀྱང་། ཁོང་ཚོས་བཤད་པའི་སྐད་ཆ་དེ་དག་མི་གཞན་ཞིག་གིས་བཤད་ན་ཁྲིམས་འགལ་ཆགས་ཀྱིན་ཡོད། རྒྱུ་མཚན་ཅིའི་ཕྱིར། དེང་སྐབས་དེ་དག་གནད་དོན་དུ་གྱུར་ཡོད། དེའི་རྐྱེན་གྱིས་དེང་སང་ང་རང་ཐོན་སའི་པེ་ཅིན་སློབ་ཆེན་གྱི་སློབ་མ་ཚོས། ང་ཚོར་མགོ་སྐོར་བཏང་སོང་། ང་ཚོ་གཡོ་འོག་ཏུ་ཚུད་སོང་། ཞེས་ཁོང་ཚོ་ལ་སྐྱོན་བརྗོད་བྱེད་བཞིན་འདུག དོན་དངོས་ཐོག་དེ་ཚོ་འཛམ་གླིང་རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་རྩོམ་པ་པོ་ཚོར་སྨྲ་བརྗོད་རང་དབང་མི་འདུག་ཟེར་བར་ལན་འདེབས་བྱེད་པར་ཆེད་དུ་སྐྱེད་སྲིང་བྱས་ཡོད་པའི་གཞུང་གི་ལག་ཆ་རྐྱང་རྐྱང་རེད།
དྲི་བ། དེང་སྐབས་མི་གྲངས་དང་བསྡུར་ན། བོད་དེ་འཛམ་གླིང་གི་རྩོམ་པ་པོ་ཆེས་མང་བའི་རྒྱལ་ཁབ་ཅིག་རེད་ཟེར་གྱིན་ཡོད་པས། དེའི་ཐད་སྐུ་ཉིད་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
ལན། དེ་ཡིན་ཆོག་གི་རེད། གཙོ་བོ་ཡུལ་ལ་རག་ལས་ཡོད་པ་རེད། བོད་མི་རྣམས་མཐོ་སྒང་ལ་གནས་ཡོད་པ་དང་། ལྷག་པར་དུ་ཕན་ཚུན་བར་ཐག་རིང་བོར་གནས་བཅས་ཡོད་པའི་རྐྱེན་གྱིས་རེད། གྲོང་ཁྱེར་ན་སྐད་ཆ་བཤད་མཁན་མང་བ་ལས་གླུ་དབྱངས་ལེན་མཁན་ཉུང་། སྐད་ཆ་བཤད་དུས་ཕལ་སྐད་ཀྱིས་བཤད་པ་ལས་སྙན་ཚིག་དེ་ཙམ་མི་སྤྱོད། གླུ་དབྱངས་ལེན་དུས་སྙན་ཚིག་གིས་ལེན་པ་ལས་ཕལ་སྐད་ཀྱིས་ལེན་པ་ཉུང་བས། བོད་མཐོ་སྒང་ལ་གནས་ཡོད་པ་དང་། བོད་མི་རྣམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཅི་བྱུང་ཕྱི་རོལ་དུ་མངོན་པར། ངག་ཏུ་གྱེར་ནས་གླུ་ལེན་པ་སོགས་བྱས་ཏེ་མི་གཞན་ལ་གོ་བརྡ་སྤྲོད་པ་་ཡིན།

བསྐྱར་བཅོས།: ༢༠༠༨/༠༧/༠༢

Leave a Reply