བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལ་བཅར་འདྲི། ཚན་པ་དང་པོ།

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ་བཅར་འདྲི།
ཕྱི་ཚེས་ ༣ ཉིན་ང་རང་དྷ་ས་ནས་སྤྱི་ལེ་ ༧༠ ལྷག་གི་སར་ཡོད་པའི་ཅོན་ཏ་ར་བོད་མིའི་གཞིས་སྒར་དུ་ཕྱིན་པ་ཡིན། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱང་དེ་རུ་ཁོང་གི་གཞིས་ཁྱིམ་གསར་བའི་ནང་བཞུགས་ཤིང་། ཉིན་ཤས་རིང་འདིར་རྫོང་གསར་བཤད་གྲྭ་རུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གི་མདུན་ནས་དབང་ཞུ་གིན་འདུག ང་ཁོང་གི་བཞུགས་ཤག་ཏུ་འབྱོར་སྐབས། དབྱར་དུས་ཀྱི་དགོང་ཁའི་ཉི་འོད་ལྷག་མ་དེ་ཁོང་གི་ཁང་སྟེང་དུ་འཁྱུད་འདུག་ཅིང་། ལར་ནས་ཁོར་ཡུག་དེ་ཧ་ཅང་ཁུ་སིམ་ཞིང་མཐོང་ཡངས་པོ་འདུག་པ་དེས། རྒན་གཞོན་སུ་ལའང་སེམས་ཀྱི་ངལ་གསོ་ཁྱད་པར་བ་རེ་སྟེར་གྱིན་འདུག
སྐུ་ངོ་འཇུ་ཆེན་མཆོག་གི་མདུན་དུ་ཕྱག་དཔེ་སྣ་རིང་ཞིག་བཞག་འདུག་ལ། ངས་ཐོག་མར་ཁོང་ལ་ཕར་འཚམས་འདྲི་ཞུས་སྐབས་ཁོང་ཉིད་སྐུ་གཟུགས་བདེ་ཐང་ཡིན་ཞེས་གསུངས་བྱུང་། ངས་རིམ་བཞིན་ཁོང་ལ་ཐེངས་འདིའི་ཡོང་དོན་ཞུས་སྐབས་ཁོང་གིས། དེང་སྐབས་སྲིད་དོན་གྱི་ཕྱོགས་ལ་བྱུས་གཏོགས་བྱེད་ཀྱིན་མེད་པར། སོ་སོའི་ཁ་བཙུམ་ཞིང་རྣ་ཅོག་ལྟེབ་ནས་བསྡད་ཡོད་ཟེར། འདི་ནི་ཁོང་ད་ལྟ་བཞུགས་སའི་ས་བབ་ལ་དཔག་པའི་སྐད་ཆ་ཡིན་སྲིད་ལ། བོད་མིའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་ནས་ལས་འཁྱུར་བྱས་མ་ཐག་པའི་སྲིད་དོན་པ་ཞིག་གི་བཤད་སྟངས་ཀྱང་ཡིན་ངེས། འོན་ཀྱང་། ངའི་བསམ་ཚུལ་ནི། ད་ལྟའི་བོད་ཕྱི་ནང་གི་སྲིད་དོན་གྱི་འཕག་འཚག་རིང་མོ་འདིའི་ཐད་དགོངས་ཚུལ་མི་འདྲ་བ་ཡོད་ལ། གནོན་མི་ཐུབ་པའི་ཐུགས་ཁྲལ་གྱི་དབང་གིས་དགོངས་ཚུལ་དེ་དག་རང་གི་སྤྱི་ཚོགས་སྟེང་འདོན་ངེས་པ་དེ་ཡིན།
ངས་ཁོང་ཉིད་འཚོལ་དོན་ལ་རྒྱུ་མཚན་གཞན་ཡང་ཡོད་དེ། བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་བཏོད་པ་ནས་བཟུང་། བཙན་བྱོལ་བོད་མིའི་སྲིད་སྟེགས་སྟེང་གི་མི་སྣ་གསལ་ཤོས་ཤིག་ནི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ཡིན། ཁོང་ནི་སྐབས་གཉིས་རིང་གི་བཀའ་ཁྲིའི་འོས་གཞིའི་ཁྲོད་ཕེབས་ཡོད་ལ། སྤྱིར་བཏང་བཀའ་ཁྲི་ལ་སུ་བདམས་ཀྱང་བོད་དོན་གྱི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་ནའང་། བཙན་བྱོལ་བོད་གཞུང་གི་སྐབས་དོན་སྲིད་བྱུས་འཛིན་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས་བཅས་ལ་ཁྱད་པར་འགྲོ་སྲིད་སྟབས། ཁོང་གིས་ཁ་སང་དེ་རིང་དགོངས་ཚུལ་ཇི་འདྲ་ཞིག་བཟུང་ཡོད་མེད་ཤེས་རྟོགས་བྱེད་པ་ནི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་བསྐྱར་ཞིབ་བྱེད་པ་ལྟ་བུ་ཞིག་ཀྱང་ཡིན་ཆོག
བཙན་བྱོལ་བོད་གཞུང་གི་མཛད་གཙོ་སྔ་ཕྱི་སུ་ཡིན་ནའང་གཅིག་གྱུར་གྱིས་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཀྱི་འོག་ན་ཡོད་སྟབས། ཕན་ཚུན་ལ་ཤེས་འཇོན་དང་ཕྱག་རྗེས་ཡོད་མེད་ནང་ཁུལ་ནས་རྩོད་རེས་བྱེད་པ་ནི་ཡུལ་ལུགས་ཚུལ་ལྡན་མིན་པར་ལྟ་གིན་ཡོད་འདུག ཡིན་ནའང་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་བབ་གཉན་འཕྲང་གི་སྐབས་སུ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ཡང་དམངས་གཙོའི་འཕེལ་ཕྱོགས་དང་མི་རིགས་ཀྱི་ལས་དབང་ལ་འགན་ལེན་བྱེད་ཕྱོགས་ཐད་ནས་ཞན་ཆ་ཡིན་ངེས། དེ་ལྟར། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱིས་འགལ་འདུའི་རིམ་པ་ནས་སྐད་ཆར་སྙིག་སེལ་དང་བཅས་ཁོང་གི་དགོངས་ཚུལ་དག་གསུངས་མགོ་བཙུགས།
ང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ལ་མཇལ་བའི་ཉིན་དེར། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་པེ་ཅིན་དུ་ཡོད། དེར་བརྟེན་ངས་ཁོང་ལ་ཐོག་མར་སྐུ་ཚབ་ཕེབས་སྟངས་འདིའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་ཤིང་། ཁོང་གིས། སྤྱིར་བཏང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕྱིན་པ་དེ་འགྲོ་འོས་པ་ཞིག་རེད། རྒྱལ་སྤྱིའི་སྟེང་ནས་ཀྱང་འགྲོ་དགོས་པ་རེད། སྐད་ཆ་བཤད་དགོས་པ་རེད་ཅེས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་ཤོག་ལབ་ཀྱིན་ཡོད་དུས་འགྲོ་དགོས་པ་རེད། ཡིན་ནའང་ད་རེབ་རྩ་གནད་ངོ་མ་དེ་བཤད་ཐུབ་མེད་ན་ཕྱིན་མ་ཕྱིན་ཡོད་པ་མ་རེད། མ་མཐར་བོད་ནང་གི་བཙོན་པ་ཅི་ཙམ་ཞིག་གློད་ཐུབ་ཀྱིན་འདུག ཆ་རྐྱེན་ངེས་ཅན་གྱི་འོག་ནས་འགྲོ་དགོས་པ་རེད། དེ་མིན་པར་རྒྱ་ནག་གིས་ང་ཚོར་མགོ་སྐོར་བཏང་བ་བཞིན། བོད་གཞུང་གི་ངོས་ནས་ཀྱང་ཚུར་མགོ་སྐོར་འདྲ་བཏང་བསྡད་ན་འགྲིག་གིན་ཡོད་པ་མ་རེད། ང་ཚོས་རྩ་གནད་ངོ་མ་དེ་བཤད་མི་ཐུབ་ན་ཕར་ག་རེ་བྱེད་པར་འགྲོ་དགོས་པ་རེད། ཅེས་དང་། ༢༠༠༢ ལོར་ཐོག་མར་བོད་རྒྱ་འབྲེལ་མོལ་དེ་མགོ་བཙུགས་དུས་དང་། ལྷག་པར་དུ་འབྲེལ་མོལ་ཐེངས་ ༥ བའི་རྗེས་ནས་རེ་བ་འདྲ་བོ་ཞིག་མཐོང་བྱུང་། ལོ་དེའི་གསུམ་བཅུའི་དུས་དྲན་ཉིན་སྐྱབས་མགོན་རིན་པོ་ཆེ་མཆོག་གིས། ད་རེབ་འབྲེལ་མོལ་ཐེངས་ལྔ་བའི་སྐབས་སུ་ཕྱོགས་གཉིས་ཀའི་ད་ཡོད་ཀྱི་ལྟ་ཚུལ་མི་མཐུན་པ་ཆེ་ཁག་གི་གནས་ཚུལ་དང་རྒྱུ་མཚན་གསལ་རྟོགས་ཐུབ་པ་དང་། འགལ་བ་དེ་ཚོ་སེལ་བའི་མཐུན་རྐྱེན་ཅི་དགོས་ཤེས་རྟོགས་ཡོང་བར་ཕན་ཐོགས་བྱུང་ཞེས་གསུངས་སོང་ལ། སྐབས་དེར་རྒྱ་ནག་གི་འབྲེལ་ཡོད་མི་སྣར་༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ལྟ་སྐོར་དང་གནས་མཇལ་ལ་ཡོང་རྒྱུར་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་དེ་ནས་ཅུང་མ་འགོར་བར་ཕྱི་ཟླ་ ༥ བའི་ནང་ཀྲང་ཅིན་ལི་ཡིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མགོ་བརྩམས་པ་དང་། དེའི་རྗེས་དེར་དམིགས་བསལ་སྐུ་ཚབ་ཚོ་ཐུག་ས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་ཏྰ་ལའི་བླ་མའི་རང་བཞིན་གསུམ་ཞེས། ཆབ་སྲིད་ཀྱི་ལོག་སྤྱོད་རང་བཞིན། ཆོས་ལུགས་ཐད་ཀྱི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་སོགས་བཤད་ཡོང་དུས། གཞི་ནས་བོད་རྒྱ་ཞི་མོལ་ཞེས་པ་དེ་ཡོང་རྒྱུ་མེད་པ་ཞིག་ཡིན་པ་ཤེས་སོང་། ཅེས་གསུངས་བྱུང་།
འདི་ནི་ཁོང་གིས་བོད་རྒྱ་ཞི་མོལ་ལ་བཟུང་བའི་རེ་དོགས་ཀྱི་ཆ་རེད། དེ་བཞིན་དུ་ལོ་ཤས་རིང་ནས་བཀའ་ཤག་གིས་དབུ་མའི་ལམ་གྱི་ཐོག་ལ་འགྲེལ་བཤད་རྒྱག་སྟངས་ཐད་བཀའ་ཟུར་རྣམ་པའི་ཁྲོད་ཐུགས་འཚབ་ཆེན་པོ་ཡོད་ཚུལ་ཐོས་རྒྱུ་འདུག་སྟབས། ཁོང་རྣམ་པའི་ཐུགས་འཚབ་གཙོ་བོ་དེ་གང་ཡིན་དྲིས་པར་ཁོང་གིས། དབུ་མའི་ལམ་ཟེར་བ་དེར་འདྲ་མི་འདྲ་བཟོ་བཅོས་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། མདོ་དོན་བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ཡིན་པ་དང་། ཆོས་དང་རིག་གཞུང་གི་བདག་པོ་བོད་མི་དེ་དག་བོད་པ་རང་གི་འཛིན་སྐྱོང་གཅིག་གྱུར་གྱི་འོག་ཡོང་དགོས་པ་དེ་རེད། དེ་ལས་ལྷག་པ་ཞིག་དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ལས་གཞན་པ་འདྲ་མི་འདྲ་མང་པོ་བཤད་བསྡད་པ་ཡིན་ན་མགོ་རྙོག་ཆགས་གཞི་རེད། ཁ་བདེ་བོ་འདུག དེས་མང་པོ་ཞིག་ཤེས་ཀྱིན་འདུག་བསམ་པ་ཡི་ཐབས་ཤེས་རེད་མ་གཏོགས། དོན་ལ་ཕན་པའི་སྐད་ཆ་གང་ཡང་མ་རེད། དཔེར་ན། བཀའ་བློན་ཁྲི་པ་རིན་པོ་ཆེ་ཡིས། དབུ་མའི་ལམ་ལ་མཐའ་བརྒྱད་དང་མཐའ་བཞི་ཟེར་བ་སོགས་ཚགས་པར་ནང་ལ་བརྒྱབས་སོང་། དེ་དོན་མེད་ཀྱི་སྐད་ཆ་རེད། ང་ཚོས་དེའི་དོན་དག་ཚུར་བསྡུ་དགོས་པ་མ་གཏོགས་ཐག་རིང་པོར་ཕར་བཟོ་དགོས་པ་ཡོད་པ་མ་རེད།  ཅེས་གསུངས་བྱུང་།
ལོ་འདིའི་གཞིས་ལུས་མི་དམངས་ཀྱི་ཡར་ལངས་སྐབས་བཙན་བྱོལ་དུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པ་ཞེས་པ་ཞིག་བཙུགས་ཤིང་། གཞོན་ནུ་དང་ཚོགས་པ་ལྔའི་ལངས་ཕྱོགས་འཛིན་སྟངས་དང་ལས་འགུལ་སྤེལ་ཕྱོགས་ལ་ལྟ་ཚུལ་འཛིན་མཁན་སླེབས་ཡོད་སྟབས། འདིའི་ཐད་དམིགས་བསལ་གྱི་དགོངས་ཚུལ་འདྲ་ཡོད་མེད་དྲིས་པར། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་ལ་བྱུང་ཡོད་ན་མ་གཏོགས་དུས་ད་ལྟ་བར་དུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་སྐུ་དྲིན་ལ་བསྟེན་ནས་མ་གཏོགས་བོད་ཆོལ་ཁ་གསུམ་ནུས་པ་གཅིག་གྱུར་གྱིས་ལངས་མྱོང་ཡོད་པ་མ་རེད། འདི་ནི་ནུས་པ་ག་རེ་ཡོད་ན་མེད་ན་ནུས་ཤུགས་གཅིག་གྱུར་བྱུང་མ་མྱོང་བ་ཞིག་རེད། ནུས་ཤུགས་འདིའི་སྐབས་སུ་མི་བརྒྱ་ཕྲག་མང་པོ་ཤི་ཡོད་པ་རེད། རྨས་ཡོད་པ་རེད། སྟོང་ཕྲག་འགའ་རེ་བཙོན་འཇུག་བྱས་ཡོད་པ་རེད། དེ་ང་ཚོས་རིན་མེད་རྩིས་མེད་བཞག་ན་འགྲིག་གི་མ་རེད། དོན་དག་འགྲུབ་ན་རུང་མ་འགྲུབ་ན་རུང་མི་དེ་དག་གི་བླ་སྲོག་ལ་ང་ཚོས་བདག་པོ་རྒྱག་དགོས་པ་རེད། འདི་ནི་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་རེད་ཅེས་སུ་ཞིག་གིས་ཀྱང་བཤད་ཐུབ་པ་མ་རེད། བཀའ་མི་བརྩི་མཁན་རེད་ཅེས་ལབ་ཐུབ་གི་མ་རེད། ལོ་འདིའི་གཞོན་ལྷན་གྱི་ཐག་གཅོད་དེ་ནི་སྲིད་དོན་གྱི་ཐོག་ནས་འགྲིག་བསྡད་པ་ཞིག་ལ་མཐོང་སོང་། ཡིན་ནའང་ཚོགས་པ་གཞན་པ་དེ་དག་གིས་དང་པོ་ཁ་ཕོ་ཆེན་པོ་ཞིག་བསྒྲགས། རྗེས་ནས་གར་འགྲོ་འདིར་འདུག་མེད་པ་ལྟ་བུ་ཆགས་ན་སུས་ཀྱང་བརྩི་གིན་མ་རེད། ཅེས་གསུངས་བྱུང་།

བསྐྱར་བཅོས།: ༢༠༠༨/༠༧/༠༢

Leave a Reply

One thought on “བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལ་བཅར་འདྲི། ཚན་པ་དང་པོ།

  1. རིགས་པའི་གླེང་བུ།

    དངོས་ཉིད་འདི་འདྲའི་རླབས་ཆེན་མི་སྣ་མང་ཙམ་ཡོད་ན་ད་དུང་རེ་བ་འདུག་་་མིང་དོན་མཙུངས་པའི་བཀའ་བློན་ཁྲི་ཟུར་རེད་འུདུག་གོ་ཁྱེད་ད་དུང་སྐུ་ཚེ་ཡུན་དུ་བརྟེན་པའི་སྨོན་ལམ་ཡོད་