འདི་ལྟར་སྒྲོག་སྲིད།

ནོར་གླིང་དུ་ལམ་རིམ་ཆེན་མོ་དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་སྲིད་དོན་རྒྱལ་རབས། སཱ་ར་བོད་ཀྱི་མཐོ་སློབ་ཏུ་སྙན་ངག་མེ་ལོང་མ་མེར་སྲེག་གཏོང་དགོས་ཞེས་པའི་ཅོལ་གཏམ་དེ་དང་དེ་འདྲ་བ་ཉེ་སྔོན་བོད་ནང་ཁུལ་དུ་ཤེས་ཡོན་ཅན་རེ་གཉིས་ཀྱི་བསྒྲགས་ཡོད་ཚོད་འདུག དེ་དག་ནི་ཁོ་པ་ཚོས་གསར་བརྗེ་དང་ལར་ཞེན་དུ་རློམ་སྲིད་ཀྱང་དོན་དངོས་ཐོག་དེ་གཉིས་ཀ་མིན་པ་མིག་ལྡན་སུས་བལྟས་ཀྱང་ཤེས་ངེས་ཡིན། ལམ་རིམ་ཆེན་མོ་ནི་གཞི་ལམ་འབྲས་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་ཤིང་འཇིག་རྟེན་དོན་གཉེར་དང་ཐར་བ་དོན་གཉེར་སུ་ལའང་ཉེ་བར་མཁོ་ཞིང་། ལྷག་དོན་ཕྲག་དོག་དང་འགྲན་སེམས། རྡུལ་ཕྲན་གྱི་གཡུལ་ས་ཆེན་པོ་འདིས་ཁྱོན་ཆུང་བའི་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་འདི་ཉིད་བརླག་ལ་ཉེ་བའི་སྐབས་འདིར་དེ་བས་དྲིན་ཆེ། སྲིད་དོན་རྒྱལ་རབས་ནི་སྐུ་ངོ་ཞྭ་སྒ་པས་དཀའ་སྤྱད་ཁུར་དུ་བཟོད་ཅིང་རྔུལ་ཁྲག་ལས་བསྒྲུབས་པའི་དེབ་ཐེར་རིན་ཐང་བྲལ་བ་ཞིག་སྟེ། ད་ཡོད་བོད་ཀྱི་རྒྱལ་རབས་རྣམས་ནས་འཐུས་སྒོ་ཚང་ཞིང་ཁུངས་དག་ཤོས་ཡིན། དེ་གཉིས་ནི་བོད་མི་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་བོད་མི་རིགས་ཀྱི་རིག་གནས་ཁྲོད་རྩ་ཆེན་གྱི་ནོར་བུ་རེ་དང་རྡོ་རིང་རེ་ཡིན། དེ་དག་ནི་རྒྱ་ནག་གཞུང་གིས་རིག་གསར་གྱི་ཡོ་ལང་ཆེན་མོའི་ནང་མེར་སྲེག་བཏང་ཡོད་ལ། ད་ལྟའང་གཏོང་བཞིན་པ་ཡིན། ལམ་རིམ་ཆེན་མོ་མེར་སྲེག་བཏང་སྟེ་མར་ལེ་རིང་ལུགས་ཀྱི་རྣམ་བཞག་དང་། སྲིད་དོན་རྒྱལ་རབས་མེར་སྲེག་བཏང་ནས་རྒྱབ་ཤ་དཀར་པོ་འདྲེན་རྒྱུ་ཡིན་ནམ་ཅི། མེ་ལོང་མ་ནི་ཆོས་རྗེ་པན་དང་ཆོས་འཕགས། ཤོང་དཔང་བཅས་བོད་མི་རིགས་ཀྱི་སེམས་ཁོང་ནས་ཆེས་བརྗིད་ཅིང་འགྲན་ཟླ་བྲལ་བ་ཁོངས་རྣམས་ཀྱི་ཐུགས་མཚོ་ལས་འཁྲུངས་ཤིང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་བརྗོད་དུ་མེད་པ་ནི་སུས་ཀྱང་ཤེས་ངེས་ལགས། དེ་རྗེས་དུས་རབས་དང་མཐུན་པའི་གསར་བཏོད་དང་འཕོ་འགྱུར་མ་བྱུང་ནི་ང་ཚོར་འགན་འཁྲི་ཡོད་པ་ཞིག་ལས། མེ་ལོང་མ་ལ་ངན་ཁག་དཀྲི་ས་ཡེ་ནས་མེད། གལ་ཏེ་མེ་ལོང་མ་དེ་ཉིད་མེར་སྲེག་བཏང་ཚེ། དེའི་དོན་དུ་ཁྱེད་ཀྱི་བོད་མི་རིགས་ཀྱི་རིག་གནས་ཁྲོད་མེ་ལོང་མའི་ལེའུ་གསུམ་གྱི་བདག་ཉིད་ལས་འདས་པའི་སྙན་གཞུང་གསར་བ་ཞིག་འཇོག་འདོད་དམ། ང་ཚོས་ལེན་པ་ནི་སྙན་ངག་མེ་ལོང་མའི་སྒྱུ་རྩལ་གྱི་རོ་མྱོང་དང་། ཟབ་ཅིང་ཡངས་པའི་རྒྱན་གྱི་ཁྱད་ཆོས་རྣམས་ཡིན་པ་ལས། མེ་ལོང་མའི་ནང་གི་རྒྱ་གར་ཡུལ་སྲོལ་གྱི་ངོ་རིས་དེ་དག་མིན། མི་རིགས་རང་ཉིད་ཀྱི་རིག་གཞུང་ཡིན་ན་རང་ཉིད་ཀྱི་རྩོམ་དགོས་པའི་ངེས་པའང་མེད། དཔེར་ན་གནའ་བོའི་གི་རི་སིའི་རིག་གཞུང་ནི་འཛམ་གླིང་ཕུལ་བྱུང་གི་རིག་གནས་གན་མཛོད་ཡིན་ཡང། དུས་ཕྱིས་ཁོ་པ་ཚོའི་རྒྱལ་ཁབ་རོམ་གྱི་དབང་བསྒྱུར་འོག་ཉམས་ཆགས་སུ་སོང་ནས་གི་རི་སའི་ནང་ཡོད་པའི་རིག་གཞུང་དེ་དག་ལྭ་ཏིན་གྱི་ཡི་གེར་བསྒྱུར་ནས་རོམ་གྱི་རིག་གཞུང་དུ་གྱུར་ཡོད་པ་ལྟ་བུ་ཡིན། རང་རེ་བོད་དུའང་བཀའ་འགྱུར་བསྟན་འགྱུར་དེ་དག་བོད་ཀྱི་རིག་གཞུང་གི་གལ་ཆེའི་མ་ལག་ཏུ་གྱུར་ལ། མིའི་རིགས་ཀྱི་རིག་གཞུང་འཕོ་འགྱུར་འོག་གནས་སྟངས་འདི་ལྟ་བུ་འོང་པ་ནི་ཆོས་ཉིད་ལས་མ་འདས། སློབ་གསོའི་ཐད་ཀྱི་རིག་གཞུང་བརྩི་ཚུལ་ནས་བཤད་ནའང་བརྩམས་ཆོས་གང་ཞིག་ཡིན་རུང་ཚིག་གི་ངོ་ཐོག་ནས་ལྟ་ཚུལ་གཅིག་དང་། གཞན་བརྩམས་ཆོས་དེས་མི་རིགས་རང་ཉིད་ཀྱི་རིག་གཞུང་རྒྱུད་འཛིན་དང་། གསར་སྤེལ་ཐད་འགུལ་ཤུགས་ཇི་ལྟར་ཐེབས་མིན་ལ་བལྟ་དགོས་པ་ཡིན། དེ་གཉིས་ཀའི་ཕྱོགས་ནས་དགུན་དུས་ཀྱི་ཁུ་བྱུག་ལྟར་ཅི་ཡང་གྲགས་རྒྱུ་མེད་ན་སློབ་གསོའི་ནུས་པས་ཡོངས་སུ་སྟོང་བར་འཇོག་དགོས་སྙམ། དེ་ལྟ་བུའི་བརྩམས་ཆོས་ནི་ཁྱི་ལུད་ལྟར་མི་འདོར་ཐབས་མེད་ཡིན། སྤྱིར་བཏང་ཐོན་དངོས་དང་འཛུགས་སྐྲུན་གསར་སྤེལ་བྱ་དངོས་རྣམས་འདོར་བ་ནི་ཧ་ཅང་སླ་ཡང་། ལེན་པ་དང་ཤ་ཐིམ་རུས་ཐིམ་དུ་གྱུར་བ་ལ་ཉུང་མཐར་མི་རབས་གཅིག་ཡན་དགོས་པ་ཡིན། ཤེས་ཡོན་ཅན་ཞིག་གི་སྐད་ཆ་དེ་དག་འབྱུང་གི་ཡོད་ན། བརྩམས་ཆོས་དེ་དག་གི་རོ་བཅུད་ངོ་མ་མྱོང་མ་ཐུབ་པས་ལན་པ་ཡིན། དེ་མིན་དེ་ཡི་ལྡོག་ཕྱོགས་ཀྱི་སློབ་གསོའི་འགུལ་ཤུགས་ལས་བྱུང་བའང་སྲིད། གང་ལྟར་སྐད་ཆ་འདི་དག་གི་དོན་སྙིང་ནི་ཁོང་ཚོའི་ ང་ཚོས་ནམ་ཡང་ཡིད་འཇོག་མི་རུང་བ་ཡིན་ནོ། །

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply