༧སྐུ་མདུན་དང་བཀའ་ཤག་ལ་གསང་བ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད།

དྲི་བ། ཉེ་ཆར་བོད་ནང་དོན་རྐྱེན་བྱུང་མ་ཐག་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ཤིང༌། ལས་འགུལ་འདྲ་མིན་ཤུགས་ཆེར་སྤེལ་ཡོད་ཀྱང༌། བར་ལམ་ཞིག་ནས་དེ་ཙམ་གྲགས་འགུལ་མེད་པའི་སྣང་ཚུལ་བྱུང་དོན་ཅི་ཡིན།
ལན། མང་ཚོགས་ཀྱི་ནང་དུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འགུལ་ནུས་པ་ཆུང་དུ་བཏང་ཡོད་པ་རེད་ཟེར་བའི་སྐད་ཆ་ཡོད་ན ། དེ་ཆད་གཏམ་དང་དཀྲོགས་གཏམ་རེད་མ་གཏོགས་ལས་འགུལ་ཤུགས་ཆུང་དུ་བཏང་ཡོད་པ་མ་རེད ། ཉེ་ཆར་བོད་ནང་ཛ་དྲག་གི་སྐབས་སུ་མི་དམངས་ཞེ་དྲག་ངར་ཡོད་ལ ། ཛ་དྲག་ལས་འགུལ་ལས་འགུལ་ཚོགས་ཆུང་གིས་ཀྱང་ལས་འགུལ་ཤུགས་ཆེན་སྤེལ་ཡོད །  འོན་ཀྱང༌། ལས་འགུལ་དེ་རིགས་མཚམས་མ་བཞག་པར་སྤེལ་བ་ཡིན་ན ། ལས་ཀ་ཡོད་མཁན་དང་ཚོང་རྒྱག་མཁན ། སློབ་སྦྱོང་བྱེད་མཁན་སོགས་ལ་འཐུས་ཤོར་མང་པོ་འགྲོ་བཞིན་ཡོད་ལ ། ཡུལ་མིཚོར་ཡང་རྡབ་གསིག་ཆེན་པོ་འགྲོ་བཞིན་ཡོད་སྟབས ། ཐོག་མའི་ལས་འགུལ་དེ་རིགས་ཅུང་ཤུགས་ཆུང་དུ་སོང་ཡོད་པའི་བཟོ་འདྲ་བོ་ཏན་ཏན་བྱུང་ཡོད ། ཡིན་ནའང་དབུས་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ས་གནས་ཁག་ཏུ་རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ ། མར་མེ་ཁྲོམ་སྐོར་ཉིན་རྟག་པར་བྱ་རྒྱུ་ཁག་པོ་ཡིན ། བོད་ནང་གི་གནས་སྟངས་དེ་རྒྱུན་རིང་ཞིག་ལ་གནས་ས་རེད ། དེ་ལ་འདང་ངེས་ཀྱི་ལས་འགུལ་རྒྱུན་བསྲིངས་ཐུབ་པ་ཞིག་གྲ་སྒྲིག་དགོས་ཞེས ། ལས་འགུལ་རྣམ་གྲངས་སུམ་ཅུ་སོ་གྲངས་ཤིག་བཀྲམས་ཡོད ། དེ་དག་ཚང་མ་ལག་བསྟར་མ་ཐུབ་ཀྱང་ས་གནས་སོ་སོའི་གནས་བབ་ལ་གཞིགས་ཏེ ། གང་ཐུབ་ཀྱིས་ལས་འགུལ་སྤེལ་དགོས་ཞེས་མངགས་ཡོད། ལས་འགུལ་སྤེལ་མི་ཆོག་ནམ་ཡང་ལབ་མེད། ད་དུང་ཟླ་གསུམ་པའི་ཚེས་བཅུ་ནི་བོད་ནང་ཐོག་མར་དོན་རྐྱེན་བྱུང་བའི་ཉིན་ཡིན་སྟབས། ཟླ་བ་རེ་རེའི་ཚེས་བཅུ་ཉིན ། ས་གནས་སོ་སོ་ནས་དམིགས་བསལ་གྱིས་ལས་འགུལ་གཞི་རྒྱ་ཆེ་པོ་སྤེལ་དགོས་ཞེས་ལབ་ཡོད།
དྲི་བ།  ཉེ་ཆར་ཚོགས་གཙོ་མཆོག་ཉི་ཧོང་ནང་ཕེབས་པ་དང་ ། རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་ཉི་ཧོང་ནང་ཕེབས་པ་གཉིས་དུས་མཉམ་འཁེལ་ཡོད་སྟབས ། ཐེངས་འདིར་སྐུ་ཉིད་ཀྱི་ལས་དོན་གཙོ་བོ་ཅི་ཞིག་ཡིན་པ་དང་མི་སྣ་སུ་ལ་ཐུག་འཕྲད་བྱུང་ཡོད་དམ །
ལན། ཐེངས་འདིར་ང་རང་ཉི་ཧོང་ལ་འགྲོ་དོན་གཙོ་བོ་ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་ཡོད་ལ། སྤྱི་ཟླ་༥བའི་ཚེས་༦ཉིན་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་ཉི་ཧོང་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་སྟབས། སྐབས་དེར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དང༌། ཉི་ཧོང་མི་དམངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་འབྲེལ་ཐོག། བོད་དོན་དང་འབྲེལ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འཆར་ལ། ང་རང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་བོད་གཞུངམང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་ཡིན་སྟབས། ལས་འགུལ་དེའི་སྟེང་གཏམ་བཤད་བྱེད་དུ་སྐད་བཏང་བ་རེད། ཧའོ་ཅིན་ཐའོ་ཉི་ཧོང་ནང་གཟིགས་སྐོར་སྐབས། བོད་དོན་རྒྱབ་སྐྱོར་བ་རྣམས་མི་ཉིས་སྟོང་༢༠༠༠ཤོང་སའི་ཚོགས་ཁང་ཆེན་པོ་ཞིག་ཏུ་འཚོགས་ཤིང༌། སྐབས་དེར་ང་རང་གཏམ་བཤད་བྱེད་མཁན་གཙོ་བོ་དང༌། གཞན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཟུར་བ། ཡུ་གུར་དང་ནང་སོག་གི་སྐུ་ཚབ་བཅས་ནས་གཏམ་བཤད་བྱས་སོང༌། ཚོགས་འདུ་གྲོལ་མ་ཐག་ཚོགས་ཞུགས་པ་དང་མི་དམངས་མཉམ་དུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འདྲ་མིན་འཕྱར་ཏེ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་སྤེལ་སོང་ལ། ཉིན་དེའི་དགུང་མོ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང༌། ཉིན་དེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ཡུ་གུར་བ། ཝེ་ཐུ་ནམ། ལའོ་སི། འབར་མ། ཀོ་རི་ཡ། ཐའེ་ཝན། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོ་བཅས་ཀྱི་མི་གྲངས་༥༠༠༠ལྷག་འདུག།
དྲི་བ། རྒྱ་ནག་གི་སྲིད་འཛིན་ཉི་ཧོང་ནང་ཐེངས་དང་པོ་ཕེབས་པར་ཉི་ཧོང་མི་མང་གིས་དེ་ལྟ་བུའི་ངོ་རྒོལ་ཤུགས་ཆེན་བྱས་དོན། བོད་པའི་བདེན་པའི་འཐབ་རྩོད་ཁོ་ནའི་ཆེད་དུ་ཡིན་ནམ། ཡང་ན་ལོ་རྒྱུས་་རང་བཞིན་གྱི་ཉི་ཧོང་དང་རྒྱ་ནག་གི་ཞེ་འཁོན་དེ་ཡིན།
ལན། ཕར་བལྟས་ན་ཁྱེད་ཀྱིས་གསུངས་པའི་གནད་དོན་དེ་གཉིས་ཀར་འབྲེལ་བ་འདུག་བསམ་པ་བྱུང༌། ང་རང་སྔོན་མ་ཡང་ཉི་ཧོང་ནང་འགྲོ་མྱོང་ཡོད། ཉི་ཧོང་གཞུང་དམངས་གཉིས་ནས་རྒྱ་ནག་ལ་ཞེ་དྲག་དོགས་ཟོན་ཆེན་པོ་བྱེད་པ་རེད། འཛམ་གླིང་དམག་ཆེན་སྐབས་ཉི་ཧོང་གིས་རྒྱ་ནག་ལ་སྡུག་པོ་ཞེ་དྲག་བཏང་ཡོད། ཐེངས་འདིར་ཁོང་ཚོས་བརྗོད་པ་ལྟར་ན། ཉེ་ཆར་ཨོ་ལིམ་པིག་གི་དཔལ་འབར་འབྱོར་སྐབས་ཉི་ཧོང་ནང་ཡོད་པའི་རྒྱ་རིགས་ཚོ་དང་ཉེ་འཁོར་རྒྱལ་ཁབ་ཁག་གི་རྒྱ་རིགས་ཆིག་ཁྲི་ལྷག་འཛོམས་ཏེ། ཚད་ལས་བརྒལ་བའི་དགའ་བསུའི་སྐད་ཅོར་བརྒྱབས་པས་མི་ཚད། དཔལ་འབར་ལ་ངོ་རྒོལ་བྱེད་མཁན་མང་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག། གཞན་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པ་ཚོར་བརྙས་བཅོས་དང་རྙོག་འཛིང་བཟོས་ཡོད་པས་ཉི་ཧོང་མི་དམངས་ཁོང་ཁྲོ་ཞེ་དྲག་ལངས་ཡོད་ཟེར། 
དྲི་བ། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་རེ་བ་བརྒྱབས་པ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་མཉམ་ཞུགས་དང༌། གཞོན་ནུ་ཟུར་དུ་ཐོན་ཏེ་བོད་ནང་ཞི་བའི་གོམ་བགྲོད་དེ་གནས་སྐབས་ཕྱིར་ཐེན་བྱས་ཡོད། འོན་ཀྱང་ད་ལྟ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བསྐྱར་དུ་མཉམ་འབྲེལ་འོག་བོད་ནང་གོམ་བགྲོད་མགོ་འཛུགས་བྱས་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། 
ལན། ཐོག་མ་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་འཛུགས་སྐབས། བཙན་བྱོལ་རིང་ལས་འགུལ་མང་པོ་སྤེལ་ཡོད་ཀྱང༌། གཞུང་དམངས་མཉམ་འབྲེལ་གྱི་ལས་འགུལ་སྤེལ་མྱོང་མེད། ཐེངས་འདིར་ལས་འགུལ་གྱི་ནུས་པ་ཤུགས་ཆེན་འཐོན་ཆེད། བཀའ་སྤྱི་གཉིས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག། དེ་བཞིན་མི་དམངས་ཡོངས་ཆིག་སྒྲིལ་ཡོང་རྒགོ་རྒྱུར་རེ་བ་བརྒྱབས་པ་བཞིན། ཚོགས་པ་ལྔ་དང་ང་ཚོ་ཐེངས་མང་ཐུག་མཐར་ཚོགས་པ་བཞི་དང་ང་ཚོ་མཉམ་འབྲེལ་བྱུང་སོང༌། འོན་ཀྱང་ཟླ་༤ཚེས་༡༧ཉིན་རྒྱ་ནག་གི་དཔལ་འབར་ལྡི་ལིར་འབྱོར་སྐབས་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྗེས། ལམ་སངས་བསྐྱར་དུ་ལས་འགུལ་འདྲ་མེད་སྟབས། ཚོགས་པ་ལྔ་མཉམ་སྒྲིལ་ཐོག་བོད་ནང་ཞི་བའི་གོམ་བགྲོད་དེ་མུ་མཐུད་འགྲོ་རྒྱུ་ཡིན་ཞེས་ཁོང་ཚོས་མགོ་འཛུགས་བྱས་པ་རེད། དེར་ང་ཚོར་བྱ་ཐབས་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་དང་བཀའ་ཤག་གཉིས་ཀས་གོམ་བགྲོད་དེ་མཚམས་བཞག་ན་བཟང་ཞེས་གསུངས་ཡོད། ང་ཚོས་མཐའ་གཅིག་ཏུ་ཕྱིར་འཐེན་བྱེད་དགོས་ཞེས་བཙན་བཀའ་དེ་འདྲ་བཏང་ཡོད་པ་མ་རེད། ཚོགས་པ་བཞི་གོམ་བགྲོད་ཐད་ཟུར་ཐོན་བྱས་པ་མ་གཏོགས་ལས་འགུལ་གཞན་གཞུང་དང་མཉམ་འབྲེལ་ཡིན།
དྲི་བ། བོད་ནང་ཞི་བའི་གོམ་བགྲོད་དེ་ད་ལྟ་བོད་ཀྱི་ས་མཚམས་ལ་འབྱོར་རྒྱུར་སྤྱི་ལེ་༢༠༠ཙམ་ལས་མེད་པའི་གནས་ཚུལ་འདུག། དེའི་ཐད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ལ་དེའི་ཐད་ཐེ་གཏོགས་ཡོད་མེད་མི་ཤིས་མོད། ང་རང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་ཆ་ནས ། དེ་ལ་སེམས་འཚབ་ཞེ་དྲག་ཡོད། ང་ཚོས་ཚོད་དཔག་བྱས་པ་ཡིན་ན། ཁོང་ཚོ་བོད་ཀྱི་ས་མཚམས་བརྒལ་རྒྱུར་ཕར་ཟད། རྒྱ་གར་གཞུང་གི་སྲུང་སྐྱོབ་ས་ཁོངས་བར་ཐར་གི་མ་རེད་བསམ་ཡོད། བཀག་པ་ཙམ་གྱི་མཚམས་འཇོག་བྱས་ན་འགྲིག་གི་རེད་དེ། གོ་ཚོད་ལྟར་ན། ས་མཚམས་ལ་སླེབས་སྐབས་ས་ཁུལ་གཞན་ནས་མི་ཧ་ཅང་མང་པོ་ཞིག་འཛུལ་ཞུགས་བྱ་འཆར་ཡོད་པ་རེད་ཟེར། དེ་འདྲ་ཡིན་ན་གོམ་བགྲོད་པ་ཚོས་ཨུ་ཚུགས་དང༌། རྒྱ་གར་དམག་མིས་བཀག་འགོག་ཤུགས་ཆེན་བྱས་པ་སོགས་བྱུང་ན་རྙོག་དྲ་མང་པོ་ཆགས་མི་ཡོང་ངམ་སྙམ་པའི་དོགས་པ་དང་སེམས་འཚབ་འདུག། ད་ལྟའི་ཆར་འགན་གཙོ་བོ་ཚོགས་པ་ལྔའི་དུ་ཁྲིད་ཚོས་ཁུར་ཡོད། འོན་ཀྱང་སྟབས་མ་ལེགས་པར་དཀའ་ངལ་ཆགས་པ་ཡིན་ན། ལས་འགུལ་བ་ཚོ་བོད་པ་ཡིན་སྟབས། བོད་གཞུང་གིས་མི་གཟིགས་རང་གཟིགས་ཆགས་ཀྱིན་ཡོད།
དྲི་བ། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་བར་ནང་ལུགས་ ཀྱི་འབྲེལ་མོལ་བྱུང་སྟེ། མཇུག་འབྲས་རྣམས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་བྱས་ཟིན་པ་རེད། དེའི་ཐད་བོད་མི་མང་སྤྱི་འཐུས་ཀྱིས་ངོས་འཛིན་དང་དགོངས་འཆར་ག་རེ་ཡོད་དམ །
ལན། རྩ་བའི་དེར་སྤྱི་འཐུས་རྒྱུན་ལས་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། གཙོ་བོ་༧གོང་ས་མཆོག་དང་འཛིན་སྐྱོང་བཀའ་ཤག་གིས་ཐག་གཅོད་དགོས་པ་ཞིག་རེད། སྐུ་ཚབ་མ་ཕེབས་སྔོན་ལ་བཀའ་བློན་ཁྲི་པའི་མཚན་ཐོག་ནས་སྤྱི་འཐུས་ཚོགས་གཙོ་གཉིས་ལ་སྙན་གསེང་དང༌། སྐུ་ཚབ་ཕྱིར་ལོག་མཚམས་སྐུ་ཚབ་རྣམ་གཉིས་འདིར་བཅར་ཏེ། གནས་ཚུལ་རྣམས་སྙན་གསེང་གནང་བའི་ལུགས་སྲོལ་ཞིག་འདུག། འོན་ཀྱང༌། ད་རེབ་བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་རྒྱའི་སྐུ་ཚབ་བར་བཀའ་མོལ་བྱ་རྒྱུ་ཡིན་ཟེར་བར་ང་ཚོ་སེམས་འཚབ་ཞེ་དྲག་བྱུང་སོང༌། སེམས་འཚབ་གཙོ་བོ་གང་ཡིན་ཟེར་ན། ༧གོང་ས་མཆོག་དང་བཀའ་ཤག་གིས་མ་མཁྱེན་པ་ཡོད་པ་མ་རེད་དེ། ང་ཚོ་མི་དམངས་ཀྱི་སྐུ་ཚབ་ཅིག་ཡིན་སྟབས། ང་ཚོའི་སེམས་འཚབ་དེ་གསལ་བོར་བཤད་དགོས་བ་ལས་འགན་རེད། ཐེངས་འདིར་རྒྱ་ནག་གིས་བཀའ་མོལ་གནང་གི་ཡིན་ཟེར་བ་ཡག་རྟགས་གང་ཡང་མ་རེད།  རྒྱ་ནག་གཞུང་གིས་དོན་དག་གཉིས་འགྲུབ་པའི་ཆེད་རེད། དང་པོ། ད་ལྟའི་བོད་ནང་གི་སྒེར་ལངས་ལས་འགུལ་དེ་མེད་པར་བཟོ་རྒྱུ་དང་ ། གཉིས་པ། བོད་རྒྱའི་བར་ཞི་མོལ་གནང་གིན་ཡོད་ཅེསཁྱབ་བསྒྲགས་བྱས་ཏེ། ཨོ་ལིམ་པིག་གི་རྩེད་འགྲན་ལ་འགོག་རི་སྐྱེས་རྟ་རྨིག་རྐྱེན་དང་བར་ཆད་མེད་པར་ལམ་ལྷོང་འབྱུང་ཆེད་རེད། སྤྱི་ཟླ་༤ཚེས་༢༥ཉིན་ཞིན་ཧྭ་གསར་འགྱུར་ཐོག་རྒྱ་གཞུང་གིས་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་པའི་གནས་ཚུལ་སླེབས་མ་ཐག ང་ཚོ་སེམས་འཚབ་སྐྱེས་ཏེ། སྤྱི་འཐུས་རྒྱུན་ལས་འཚོགས་ཏེ་དོན་དག་ཁ་ཤས་ཡིག་ཐོག་ནས་བཀའ་ཤག་ལ་ཕུལ་དགོས་བྱུང་སོང༌། ཐེངས་འདིར་སྐུ་ཚབ་རྣམ་གཉིས་ཀྱིས་གང་གསུངས་བ་དེ་ལས་མེད་ན། གྲུབ་འབྲས་གང་ཡང་བྱུང་ཡོད་པ་མ་རེད། འོན་ཀྱང༌། ༧གོང་ས་མཆོག་དང་འཛིན་སྐྱོང་བཀའ་ཤག་བར་སྐད་ཆ་དང་གསང་བའི་གནས་ཚུལ་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད། གསལ་བསྒྲགས་བྱས་པ་དེ་ལྟར་ཡིན་ན་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་བྱུང་མི་འདུག། ཐེངས་འདི་ནི་འཕྲལ་སེལ་གྱི་བཀའ་མོལ་ལྟ་བུ་རེད། བཀའ་མོལ་བདུན་པ་བྱ་རྒྱུར་མོས་མཐུན་བྱུང་ཡོད་ས་རེད། དེའི་སྐོར་ལ་བསམ་ཚུལ་གང་ཡོད་སྤྱི་འཐུས་རྒྱུན་ལས་ནང་ཁུལ་གཞི་ནས་འཚོགས་འཆར་ཡོད།
དྲི་བ། ཉིན་འདི་གར་རྒྱ་ནག་གི་ས་ཁུལ་མང་པོ་དང་བོད་ཀྱི་ས་ཁུལ་ཁ་ཤས་ནང་ས་ཡོམ་དོན་རྐྱེན་ཁྲོད་མི་མང་པོ་ཞིག་འདས་གྲོངས་སུ་སོང་ཡོད། དེ་དང་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འགུལ་གཉིས་བར་འབྲེལ་བ་ཡོད་དམ།
ལན། དེར་འབྲེལ་བ་ཡོད་དང་ཡོད། ཁྱེད་ཀྱི་དྲི་བ་དེ་ཡག་པོ་བྱུང་སོང༌། རྒྱ་ནག་ནང་ས་ཡོམ་བརྒྱབས་པའི་ཉིན་གཉིས་པར་ང་ཚོ་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། གསལ་བསྒྲགས་དེའི་ནང་ཐེངས་འདིའི་ས་ཡོམ་ཁྲོད་མི་མང་པོ་རྐྱེན་འདས་སུ་སོང་བར་བློ་ཕམ་ད་དུང་དེ་ཚོའི་ནང་མི་གཉེན་ཚན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུས་ཡོད། ས་ཡོམ་བརྒྱབས་ཏེ་བདུན་ཕྲག་གཅིག་འཁོར་བའི་ཉིན་མོ་སྟེ། གཟའ་ཟླ་བའི་ཉིན་འདས་གྲོངས་སུ་སོང་བ་ཚོའི་ཆེད་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་གཙུག་ལག་ཁང་ནས་ཞལ་འདོན་སྨོན་ལམ་རྒྱ་ཆེན་པོ་ཞིག་བྱ་འཆར་ཡོད། དེ་བཞིན་ཟླ་༥བའི་ཟླ་མཇུག་བར་རྒྱལ་ཁབ་སོ་སོའི་རྒྱ་ནག་གཞུང་ཚབ་མདུན་ནས་ངོ་རྒོལ་སྐད་འབོད་གཅིག་ཀྱང་མ་བྱེད་རོགས་ཞེས་འབོད་སྐུལ་ཞུས་ཡོད།
དྲི་བ། ༧རྒྱལ་བ་ཀརྨ་པ་མཆོག་ལ་ཕྱིར་སྐྱོད་ཀྱི་གོ་སྐབས་ཐོག་མ་རག་སྟེ། ཉིན་འདི་འགར་ཨ་རིར་ཆིབས་བསྒྱུར་སྐྱོང་བཞིན་ཡོད། ཐེངས་འདིའི་ཆིབས་བསྒྱུར་ལ་ཆབ་སྲིད་ཀྱི་མཛད་འཕྲིན་ཡོད་མེད་དང༌། ཁོངས་གི་ཆིབས་བསྒྱུར་ཐད་སྤྱི་འཐུས་ལ་དགོངས་ཚོད་གང་འདྲ་ཡོད་དམ།
ལན། ༧རྒྱལ་བ་ཀརྨ་པ་ཨ་རིར་ཕེབས་ཐུབ་པ་བྱུང་བར་དགའ་བསུ་ཡོད། ཆབ་སྲིད་ཀྱི་མཛད་འཕྲིན་རྩ་བ་ནས་ཡོད་པ་མ་རེད་སྙམ། ལྷག་པར་དུ་ཐེངས་འདིར་ཁོང་ཕྱི་རྒྱལ་དུ་ཕེབས་པའི་ཐད་རྒྱ་གར་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་བཞག་ཡོད་པ་དང༌། དེ་ཡང་ཆབ་སྲིད་ཀྱི་བཀའ་མོལ་གནང་མི་ཆོག་པ་དེ་འདྲ་ཏན་ཏན་ཡོད་རྒྱུ་རེད་བསམ་ཡོད། རྒྱལ་བ་ཀརྨ་པ་ཐོག་མར་བཙན་བྱོལ་དུ་ཕེབས་པ་ནས་བཟུང་གྲོས་ཚོགས་ནང༌། ཁོང་རུམ་བཏེགས་དགོན་པར་ཕེབས་མ་ཐུབ་བའི་ཐད་གྲོས་ཆོད་རིམ་པས་བར་བཞག་ཡོད། དེ་བཞིན་རྒྱ་གར་གཞུང་གི་སྲུང་སྐྱོབ་དམ་པོའི་འོག་སྡོད་མི་དགོས་པའི་ཐད་གྲོས་ཚོགས་ཀྱིས་གང་ཐུབ་བྱ་རྒྱུའི་ཁས་ལེན་དང༌། རྒྱ་གར་གཞུང་ལའང་ང་ཚོས་བྱེད་སྒོ་ཁ་ཤས་ཞུས་ཡོད། ད་རེབ་ཁོང་ཨ་རིར་ཕེབས་ཐུབ་པ་དེ་ཕྱི་རྒྱལ་ཁག་ཏུ་ཕེབས་པའི་རྒྱལ་སྒོ་ཕྱེ་བ་རེད། མ་འོངས་པར་མུ་མཐུད་ཕྱིའི་རྒགོ་རྒྱལ་ཁབ་ཁག་ལ་ཕེབས་ཐུབ་པ་དང༌། རྒྱ་གར་ནང་ཁུལ་དུ་ཆིབས་སྒྱུར་ལའང་གུ་ཡངས་སུ་འགྲོ་བ་རེད་བསམ་ཡོད།
         

བསྐྱར་བཅོས།: ༢༠༠༨/༠༧/༠༣

Leave a Reply