བོད་ནང་ལམ་སྟོན་བྱེད་པའི་ཐོབ་ཐང་མེད།

བཀའ་ཤག་གི་ངོས་ནས་གཞིས་ལུས་བོད་མི་ཚོར་ད་ལྟའི་གནས་སྐབས་ལ་ལམ་སྟོན་གནང་ཐུབ་ཀྱི་ཡོད་པ་མ་རེད། གཞིས་ལུས་བོད་མི་ཚོའི་གནས་སྟངས་ཁོང་ཚོའི་རང་གིས་མཁྱེན་པ་ཞིག་ཡིན་ལ། ང་ཚོས་ཕྱི་ལོགས་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་མེད་སྟབས། ང་ཚོས་ཁོང་ཚོར་འདི་བྱོས་གན་ལས་ཟེར་བའི་ཐོབ་ཐང་ཡང་ཡོད་པ་མ་རེདཅེས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་གསུངས་སོང༌།
       ཚེས་༡༨ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆེད་དུ་ཐེངས་འདིའི་བོད་ནང་གི་གནད་དོན་ཐད་རྒྱ་གར་དང་བོད་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གསར་འགོད་པ་ཚོའི་བཅར་འདྲི་དང་ལེན་བྱས་ཡོད་པ་དང༌། སྐབས་དེར་གསར་འགོད་པས་ཐེངས་འདིའི་བོད་ནང་གི་ཟིང་འཁྲུག་ཐད་བཙན་བྱོལ་བོད་གཞུང་དང་འབྲེལ་བ་ཡོད་དམ་ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། བོད་ནང་གནས་ཚུལ་གང་བྱུང་བ་དེ་འཆར་གཞི་ལྡན་པ་དང་གཞན་གྱི་བརྒྱུད་སྐུལ་མིན་པ་གསལ་བོ་ཞེ་དྲག་རེད། ཐོག་མ་ཚེས་༡༠ཉིན་གྲྭ་བ་བདུན་བརྒྱད་ཅིག་གིས་ཞི་བའི་ངོ་རྒོལ་བྱས་པར་ཚད་ལྡན་གྱི་ངོས་ལེན་བྱས་ཡོད་ན་ཕྱིར་ཉིན་ནས་གང་ཡང་བྱུང་དོན་མེད། ཞི་བའི་ཁྲོམ་བསྐོར་ལ་བཙན་གནོན་ཆེན་པོ་བྱས་ཏེ་མི་དམངས་ཀྱི་སེམས་ལ་ཕོག་ཐུག་ཕྱིན་ཏེ་ཉིན་རེ་བཞིན་མང་དུ་ཕྱིན་ཡོད། རྒྱ་ནག་གིས་ཞི་བའི་རྣམ་འགྱུར་སྟོན་མཁན་ཚོར་ཡ་ལན་བྱེད་སྟངས་ཧ་ཅང་གི་གདུག་རྩུབ་ཅན་དང༌། འདས་བའི་ལོ་༦༠ནང་བོད་མི་ཚོའི་བསམ་བློའི་ནང་འདོད་བློ་མ་ཁེངས་པའི་སྡུག་བསྔལ་གྱིས་དོན་རྐྱེན་འདི་བྱུང་བ་རེད། གལ་སྲིད་འདི་ནས་བརྒྱུད་སྐུལ་བྱས་པའི་དོགས་པ་ཡོད་ན། རྒྱལ་སྤྱིའི་ནང་གི་རང་དབང་ཅན་གྱི་ཞིབ་འཇུག་བྱེད་མཁན་སུ་འདྲ་ཞིག་ཡིན་ན་གདན་འདྲེན་ཞུས་ན་འགྲིག་ལ། ཁོང་ཚོར་ཁུངས་སྐྱེལ་ར་སྤྲོད། དན་རྟགས་གང་ཞིག་ཡོད་ན་འཛམ་གླིང་གི་མདུན་ལ་ངེས་པར་དུ་འཇོག་དགོས། ཞེས་དང༌། ཡང་བོད་གཞུང་བཀའ་ཤག་གི་ངོས་ནས་གཞིས་ལུས་བོད་མི་ཚོར་འབོད་སྐུལ་ཞུ་རྒྱུ་ཡོད་མེདདྲིས་པའི་ལན་དུ་ཁོང་གིས། བཀའ་ཤག་གི་ངོས་ནས་གཞིས་ལུས་བོད་མི་ཚོར་ད་ལྟའི་གནས་སྐབས་ལ་ལམ་སྟོན་གང་ཡང་གནང་ཐུབ་ཀྱིན་ཡོད་པ་མ་རེད། གཞིས་ལུས་བོད་མི་ཚོའི་གནས་སྟངས་ཁོང་ཚོ་རང་གིས་མཁྱེན་པ་ཞིག་རེད། ང་ཚོས་ཕྱི་ལོག་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་མེད་སྟབས། ཁོང་ཚོའི་འདི་བྱོས་གན་ལས་ཟེར་བའི་ཐོབ་ཐང་ཡོད་པ་མ་རེད་ལ། ལམ་སྟོན་བྱས་ནས་ལན་པོ་ཡང་མེད། ༧སྐྱབས་མགོན་རིན་པོ་ཆེར་དགོངས་གཞི་གཅིག་རང་ཡོད་པ་ནི། ལས་འགུལ་གང་ཞིག་སྤེལ་ཡང་འཚེ་བ་མ་བྱས་ནས་ཡག་པོ་ཡོད་ཅེས་པ་འདི་རེད། དེ་ལ་ཁོང་ཚོས་ཀྱང་ཐུགས་སྣང་གནང་མདོག་ཁ་བོ་རེད་མ་གཏོགས། དེ་ལས་ལྷག་པའི་ལམ་སྟོན་ཞུ་རྒྱུ་ཁག་པོ་རེད། ཅེས་དང༌། འདི་ནས་གསར་འགོད་པ་འཕྲལ་དུ་བོད་ནང་ལ་འགྲོ་བ་པའི་རེ་བ་ཆུང་ཆུང་རེད། ཡིན་ནའང་ང་ཚོས་རྒྱལ་སྤྱིའི་ནང་ལ་གསར་འགོད་པ་དང་ཉམས་ཞིབ་པ། སྨན་པ། རོགས་རམབྱེད་མཁན་གང་མགྱོགས་འགྲོ་ཐུབ་པར་འབོད་སྐུལ་ཞུ་བཞིན་ཡོད་མོད། ད་ཆར་སྔོན་མ་འགྲོ་ཆོག་པའི་གནས་བབ་ཡོད་མཁན་ཚོར་ཡང་རྒྱ་གཞུང་གིས་ཁྱེད་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་རེད་ཅེས་བཏང་མི་འདུགལ་ས་མཚམས་ཚང་མ་བརྟན་པོར་བརྒྱབས་འདུགཅེས་གསུངས་བྱུང༌།
      ཉིན་དེར་འདི་གའི་གསར་འགོད་པ་ཆེད་བཅར་གྱིས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བོད་ནང་གི་ཛ་དྲག་གི་དོན་རྐྱེན་ཐད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་དང་མི་དམངས་ཀྱི་ངོས་ནས་རྒྱ་ནག་ལ་རྣམ་འགྱུར་བ་གང་འདྲ་བསྟན་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། བཙན་བྱོལ་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང༌། ཡུ་རོབ། འཛམ་གླིང་གི་རང་དབང་ཅན་གྱི་རྒྱལ་ཁབ་ཚང་མར་རྒྱ་ནག་གི་དྲག་གནོན་མཚམས་འཇོག་དང༌། འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་དགོས་པའི་འབོད་སྐུལ་ཞུས་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང༌། ཡུ་རོབ་སྤྱི་མཐུན། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་ལས་ཁུངས། དབྱིན་ཡུལ་ཕྱི་སྲིད་བློན་ཆེན། ཧྥ་རིན་སི། ནིའུ་ཛི་ལན་ཊི། ཨོ་སི་ཊི་རི་ཡ། ཉི་ཧུང༌། ཡུ་རོབ་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དང༌། རྒྱལ་ཁབ་གཞན། དེ་བཞིན་གནད་ཡོད་མི་སྣ་མང་པོས་བོད་མི་ཚོའི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་བཙན་གནོན་དང་དྲག་སྤྱོད་ཀྱིས་མི་མང་པོ་བསད་པ་དང༌། ཉེས་རྡུང་བཙོན་འཇུག་བྱས་པར་བློ་འཚབ་དང་འཕྲལ་དུ་མཚམས་འཇོག་དགོས་པ། བོད་ནང་དཀའ་ངལ་གང་ཡོད་བོད་མི་ཚོས་གླེང་བཞིན་པ་གཞིར་བཞག་ཐོག་༧རྒྱལ་བ་རིན་པོ་ཆེ་དང་ཞི་མོལ་གནང་དགོས་སོགས་ཀྱི་གཏམ་བརྗོད་དང་འབོད་སྐུལ། ཉེན་བརྡ་སོགས་བཏང་འདུག་ལ། ལྷག་པར་དུ་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཚོགས་བཞིན་པའི་ཐོག་ཚོགས་ཆུང་འགན་འཛིན་གྱིས་གཏམ་བརྗོད་གནང་འདུག  དེ་བཞིན་རྒྱ་གར་གྲོས་ཚོགས་བོད་དོན་ཚོགས་པས་དགོས་འདུན་བཏོན་འདུག་ཅེས་བརྗོད་བྱུང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply