དགུ་ཚིགས་ལ་དཔུང་བ་བཞི་མིན་པར་གཉིས་འདུག

ང་ཚོ་དགུ་ཚིགས་ཀྱི་ཀློང་ལ་བསྡད་དེ། དོན་དངོས་ཐོག་བར་སྣང་གི་སྐར་ཁྱིམ་དེའི་རི་མོ་ངོ་མ་ཇི་འདྲ་ཞིག་ཡིན་མིན་ད་དུང་ཤེས་ཡོད་པ་མ་རེད། ཡིན་ནའང་འདིས་རྒྱུ་སྐར་རིག་པ་བ་རྣམས་ཀྱི་ཚོད་ལྟའི་སེམས་ཤུགས་དེ་འགོག་ཐུབ་མེད།

ལོ་ངོ་མང་པོའི་རིང་། ཁོང་ཚོས་སྐར་ཁྱིམ་འདི་ནི་ཡིད་དུ་འོང་བའི་རླུང་གཡིབ་ཀྱི་དཀྱིལ་འཁོར་དང་། དཀྱིལ་སྙིང་ཞིག་ལ་སྐོར་ཏེ་མི་བཞི་ཡི་དཔུང་སྡང་རིང་པོས་སྦྲེལ་བ་ལྟར་མཐོང་ལ། འདིའང་ཨ་མ་བཞི་ཡིས་ཚུར་འཐམ་འཁྱུད་བྱེད་པའི་རྣམ་པ་ལྟར་མཐོང་ཡོད། དཔུང་བ་འདི་དག་ལ་ཐ་ན་མིང་ཡང་ཡོད་དེ། ནོར་མ་དང་སུ་ཁུ་ཊུམ་སེན་ཊ་རུ་སུ། ས་གྷི་ཊ་རི་སུ། ཕེར་སེ་སུ་བཅས་རེད།

ཁོང་ཚོ་ནི་སྐར་མ་དག་གི་འཁྲུངས་ཡུལ་རེད།

རི་མོ་དེ་ཡིད་དུ་འོང་བ་རེ་ཡིན་ཡང་། དོན་དངོས་དང་མཐུན་པ་ཞིག་ཡིན་མི་འདུག

ཨ་རིའི་ཝེ་སི་ཁོན་སིན་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པ་རོ་བྷེར་ཊི་བྷེན་ཇ་མ་ཞུ་བས་ཉེ་ཆར་ཨ་རིའི་རྒྱུ་སྐར་བའི་སྤྱི་ཚོགས་སྟེང་གཏམ་བཤད་བྱས་སྐབས་འདི་ལྟར་དགུ་ཚིགས་ལ་ལྟ་སྟངས་གསར་པ་ཞིག་བཏོན་ཡོད། ལོ་ངོ་མང་པོའི་རིང་ལ། མི་རྣམས་ཀྱིས་དགུ་ཚིགས་ཀྱི་ཁུག་པ་གཅིག་གཞིར་བཟུང་སྟེ་སྐར་ཁྱིམ་ཧྲིལ་བོའི་ས་ཁྲ་བྲིས་པ་རེད། དེའང་ཐབས་ལམ་གཅིག་ལ་བརྟེན་པ་རེད། ཡིན་ནའང་བློ་ཕམ་པ་ཞིག་ལ། དཔེ་རིས་དེ་དག་གཤིབ་བསྡུར་བྱེད་དུས། ཁོང་ཚོ་ག་དུས་ཡིན་ནའང་ཁ་འཆམ་གྱི་མེད། དེ་ནི་མིག་གཉིས་བཀབ་སྟེ་གླང་ཆེན་ལ་ཞིབ་འཇུག་བྱས་པ་དང་འདྲ་བོ་ཡོད་པ་རེད་ཟེར།

བར་སྣང་བརྟག་དཔྱད་པ་ཚོས་ ༡༩༩༠ ལོ་ནས་བཟུང་གློག་གི་རྦ་རླབས་ལ་བརྟེན་ནས་སྐར་ཁྱིམ་གྱི་རི་མོ་གསར་པ་ཞིག་འབྲི་མགོ་བརྩམས། རྒྱུ་སྐར་རིག་པ་བ་དག་གིས་དགུ་ཚིགས་ཀྱི་ཁུག་པ་བར་མ་ནས་སྐར་ཚོགས་ཆེན་པོ་ཞིག་བརྙེད་ཡོད་ལ། དེའང་རིམ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་པའི་རྣམ་པར་མངོན་ཡོད་འདུག རྗེས་སུ་བར་སྣང་རྒྱང་ཤེལ་གྱིས་པར་བླངས་ནས་བལྟས་དུས་དགུ་ཚིགས་ཀྱི་ཁུག་པ་ོབར་མ་ན་ཡོད་པའི་སྐར་ཚོགས་ཆེན་པོ་དེ་སྔར་གྱི་བསམ་ཚུལ་ལས་བརྒལ་ཏེ་སྐར་ཁྱིམ་གྱི་དཀྱིལ་ནས་ཕྱི་ལ་བསྐྱེད་ཀྱིན་པར་རྟོགས་ཡོད་འདུག

ད་ཆར་སྐར་ཁྱིམ་དེ་དག་ལ་དབུས་ཀྱི་ཁྱིམ་ཞིག་ཡོད་པའི་ཐུན་མོང་གི་ལྟ་ཚུལ་སླེབས་ཀྱིན་ཡོད་སྟབས། དགུ་ཚིགས་ལའང་དཔུང་བ་བཞི་མིན་པར་དཔུང་བ་གཙོ་བོ་གཉིས་ཀྱིས་གྲུབ་ཡོད་པར་འདོད་ཀྱི་ཡོད། བྷེན་ཇ་མིན་དང་ཁོའི་ཕྱག་རོགས་ཚོས་བར་སྣང་རྒྱང་ཤེལ་བརྒྱུད་ནམ་མཁའ་འཕྲེད་དུ་བཅད་ཅིང་སྐར་ཁྱིམ་གྱི་ངོས་དབུས་མ་དེའི་གོང་འོག་གཉིས་ཀ་ནས་ཚད་གཞི་རེ་རེ་བསྐྱུར་ཏེ་སྤྱིའི་བོང་ཚད་ ༡༣༠ དང་ཚོས་གཞི་ ༨༠༠༠༠༠ ཅན་གྱི་པར་བརྒྱབས་སྐབས། སྐར་མ་ས་ཡ་ ༡༡༠ པར་གྱི་ནང་ཐེབས་ཡོད་འདུག

གསར་དུ་དར་བའི་ཚན་རིག་གི་འཕྲུལ་ཆས་སྤྱད་དེ་སྐར་འཚུབ་གཞལ་སྐབས། ཉམས་ཞིབ་པ་དག་གིས་ནོར་མ་དང་ས་གྷི་ཊ་རི་སུ་དཔུང་བ་གཉིས་མེད་པར་འདོད་ལ། སུ་ཁུ་ཊུམ་སེན་ཊ་རུ་སུ་དཔུང་བ་ཕྱག་ཅིང་། སྐར་ཁྱིམ་གྱི་ཕྱི་ངོས་སྐོར་ནས་བཏུམས་ཡོད་པའི་ཕེར་སེ་དཔུང་བ་ནི་མཐོང་ཡུལ་དུ་གྱུར་ཡོད་མི་འདུག

བྷེན་ཇ་མིན་གྱིས་གསར་འགོད་འདུ་འཛོམས་ཤིག་གི་སྟེང་བཤད་དོན། དཔུང་བ་གཙོ་བོ་གཉིས་དེས་སྐར་ཁྱིམ་གྱི་ངོས་དབུས་མ་དེའི་ཐག་ཉེ་རིང་གི་མཐའ་སྣེ་གཉིས་ལེགས་པར་མཐུད་འདུག་ཟེར་ལ། དཔུང་བ་ཆུང་བ་གཉིས་ནི་སྐར་ཕྲན་གྱི་ཁུག་མ་དང་དབུགས་རླངས་ཀྱིས་བཀང་ཡོད་པ་དང་། དཔུང་བ་ཆེ་བ་གཉིས་ནི་དྲོད་ཆེ་བའི་སྐར་མ་གཞོན་པ་དག་དང་རྙིང་ཞིང་བསིལ་ཆེ་བའི་སྐར་མ་དམར་པོ་ཆེན་པོ་དག་གི་སྐར་འཚུབ་ཀྱིས་བཀང་ཡོད་པར་འདོད།

བདག་ཅག་གི་ཉི་མའི་ཁྱིམ་བརྒྱུད་ནི་ས་གྷི་ཊ་རི་སུ་དང་ཕེར་སེ་གཉིས་ཀྱི་བར་མཚམས་ཀྱི་ཡན་ལག་ཆུང་ངུ་ཞིག་གི་ཉེ་སར་གནས་ཤིང་། མིང་ལ་ཨོ་རོན་དཔུང་བ་ཟེར། ཡིན་ནའང་ཉི་མའི་ཁྱིམ་བརྒྱུད་འདི་མགོ་འཛུགས་ས་ནི་འདི་མིན་སྲིད། ཁོ་རང་གྲུབ་ནས་འདས་པའི་ལོ་ཐེར་འབུམ་ ༤ རིང་སྐར་ཁྱིམ་གྱི་མཐའ་བསྐོར་ནས་ཡུན་རིང་སོང་སྟབས། ཉི་མ་ཡང་སྔོན་མ་ཞིག་ལ་སྐར་ཁྱིམ་གྱི་དཔུང་བ་གཞན་པ་ཞིག་ན་ཡོད་སྲིད་པ་རེད་ཟེར།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply