ཞིབ་འཇུག་གི་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད།

མཁྱེན་ཡངས་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གི་དབུ་ལས་ལྷན་རྒྱས་མཆོག་ལ།              ཆེད་དུ་གསོལ་སྙིང༌།     
བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན། དེའི་རིང་གསར་ཤོག་མངགས་ཉོ་ཞུ་མཁན་ལ་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཐད་བསམ་ཚུལ་འདོན་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ ཞུ་བ་དང༌།  དེ་ག་ལྷན་རྒྱས་ནས་ཕྱི་ནང་གི་དཀའ་ངལ་མང་པོར་གདོང་ལེན་དང་ལྷག་བསམ་རྣམ་དག་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་བཅས།  ཕྲན་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་ལས་རིགས་གང་ལའང་དགའ་མོས་ཡོད་མཁན་ཞིག་ཡིན་པའི་ཆ་ནས་འདིར་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང༌།
    བོད་ཀྱི་དུས་བབ་གསར་ཤོག་ནི། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་གྲུང་འབྲས་ཆེས་འབུར་ཐོན་དང་ཁྱབ་ཆེ་ཤོས་ཤིག་ཡིན་པས་མི་མང་གི་ངོས་ནས་ཀྱང་དགའ་གུས་དང་ཆ་འཇོག་བྱེད་རིན་ཡོད་པའི་གསར་ཤོག་ཅིག་ཆགས་ཡོད།  དེ་ནི་ལྷན་རྒྱས་ཀྱིས་སྒྲུབ་གནང་བའི་བྱས་འབྲས་ཡིན་སྟབས་བོད་མི་རིགས་ཀྱི་ལོ་རྒྱུས་ནང་འཁོད་འོས་ཤིང་ཞིབ་འཇུག་གི་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད། ལོ་རེར་ཡར་རྒྱས་གང་ལེགས་ངོས་༧སྤྱི་ནོར་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་གནས་བབ་གཙོ་ཆེ་བ་རྣམས་ལོ་ལྟར་མཇུགསྡོམ་དང་སྐབས་སོ་སོར་ཁ་གང་གསལ་གྱིས་འགོད་གནང་མཛད་པ་དེས་བོད་མི་རིགས་ལ་ཞབས་འདེགས་རླབས་ཆེན་ཞུས་ཡོད་པ་འདི་ལོ་བཅུའི་ནང་གི་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་ངོས་བཟུང་བ་ཡང་འགྲིག་པར་སྙམ། 
    ཕྱོགས་གཞན་ནས་བཤད་ན།  དུས་བབ་གསར་ཤོག་སོགས་ཀྱིས་མཚོན་པའི་བོད་ཡིག་གསར་ཤོག་དང༌། དུས་དེབ་སོགས་འདོན་སྤེལ་གྱི་འཕེལ་རིམ་འདིས་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གཞི་རྒྱ་ཆེར་བསྐྱེད་དང༌།   བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ལས་འགན་ལ་ཕན་འབྲས་ངེས་ཅན་ཞིག་བྱུང་ཡོད་པས་གོ་སྐབས་འདི་བརྒྱུད་གསར་ཤོག་དང་དུས་དེབ་འདོན་སྤེལ་གནང་མཁན་ཡོངས་ལ་གུས་ཞབས་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ལོ་ཤས་རིང་གསར་ཤོག་དང་དུས་དེབ་ཁག་ཅིག་བཀླགས་པའི་མྱོང་་ཚོར་ཞིག་ནི།  སྤྱིར་དུས་དེབ་དང་གསར་ཤོག་འདོན་སྤེལ་གྱི་བརྒྱུད་རིམ་ནང་མིང་རྟགས་བཀོད་པའི་རྩོམ་ཡིག་གང་སྤེལ་གྱི་འགན་དབང་དེ་རྩོམ་ཡིག་སྤེལ་མཁན་རང་ལ་འགན་འཁྲི་ཡོད་པའི་ཆ་ནས། གསར་ཤོག་དང་དུས་དེབ་རྩོམ་སྒྲིག་པ་ཁག་ནས་ཀྱང་མིང་རྟགས་བཀོད་པའི་རྩོམ་ཡིག་རྣམས་རྩོམ་པོ་པོའི་དགོངས་གཞི་གཞིར་བཞག་གིས་འདོན་སྤེལ་བྱེད་གལ་ཆེ་ནའང༌། དུས་དང་གསར་ཤོག་སོགས་སུ་མིང་རྟགས་བཀོད་པའི་རྩོམ་ཡིག་ཁག་ཅིག་ནི་དགོས་མེད་ཆོལ་ཁ་ཕྱོགས་ཞེན་འཐེན་འཁྱེར་དང༌།  ཕྱོགས་ལྷུང་ནང་འཁྲུག་ལངས་བྱེད།  མི་སྒེར་གྱི་སེམས་ནད་གསར་རྙིང་སློང་སའི་འཐབ་རྭ་ཞིག་ཏུ་མི་འགྱུར་རྒྱུའི་འགན་ཞིག་ལེན་དགོས་པར་མཐོང་ལ།  དེ་བས་ཀྱང་གསར་ཤོག་ཡུན་གནས་དང་ཀློག་མཁན་གྱི་འདུན་པ་ཡང་རང་བཞིན་གྱིས་འགོག་རྐྱེན་དུ་འགྱུར་ངེས་པས། རྩོམ་སྒྲིག་པ་རྣམས་ནི་དེས་དེབ་དང་གསར་ཤོག་འདོན་སྤེལ་གྱི་བརྒྱུད་རིམ་ནང་འགན་དབང་གཉིས་ལྡན་ཡིན་པ་དེའི་ངོ་བོ་མ་བརླག་པ་ཞིག་དགོས་གལ་ཆེ་ཤོས་སུ་མཐོང་བས། གསར་ཤོག་དབ་དུས་དེབ་རྩོམ་སྒྲིག་པ།  གཞན་ཡང་སྨྱུག་ཐོགས་པ་ལྷན་རྒྱས་ནས་དགོངས་པ་ཆེ་བཞེས་ཀྱིས་རྩོམ་ཡིག་སྤེལ་གལ་ཆེ་བ་ཞུ་རྒྱུ་བཅས། ༢༠༠༧ཟླ༡ཚེས༡༠ཉིན་འཇིགས་མེདབསྟན་འཛིན་ནས། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply