ལྐོག་བྱུས་མཐའ་དག་ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་ཞོག

གལ་སྲིད་ཏཱ་ལའི་བླ་མའི་ཕྱོགས་ནས་རྣམ་འགྱུར་ཡག་པོ་རེ་བསྟན་ན།    ལོ་མཇུག་ཙམ་ལ་ཐེངས་རྗེས་མའི་གྲོས་མོལ་བྱ་ཆོག་ཅེས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ལ་བད་ཡོད་འདུག
ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་འགྱུར་ཁང་གིས་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པའི་སྐོར་ལ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་གཙོ་ཏུའུ་ཆིང་ལིན་གྱིས་སྐུ་ཚབ་རྣམ་པར་བཤད་དོན། སི་ཁྲོན་གྱི་ཝུན་ཁྲོན་ས་ཁུལ་དུ་ས་ཡོམ་ཆེན་པོ་བྱུང་པ་དང་ས་ཡོམ་སྐབས་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་།  ཁོས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ནི་ཉེན་ཁ་ཇི་འདྲའི་ཆེན་པོར་འཕྲད་ཀྱང་མི་རིགས་ཚང་མས་སྔར་ལས་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་པ་དང།    དཀའ་ངལ་ཇི་འདྲ་ཞིག་ལ་འཕྲད་ཀྱང་ཕན་ཚུན་རོགས་རམ་བྱེད་པའི་སྙིང་སྟོབས་ཡོད་པ་རེད།    ཉེན་འགོག་མྱུར་སྐྱོབ་ཀྱི་ལས་དོན་དེ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་དོན་དངོས་གསོན་པོ་ཞིག་ཡིན་ཅེས་བཤད་འདུག
ཏུའུ་ཆིང་ལིན་གྱིས་བཤད་དོན།    ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ ༣༠ འཁོར་བའི་ལོ་ཡིན་ཞིང་།   བོད་ལྗོངས་ཀྱང་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་ཕྱིར།    བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ནས་ཐོན་སྐྱེད་གོང་སྤེལ་དང་འཚོ་བ་ལེགས་བཅོས།     སྐྱེ་ཁམས་ལེགས་པོ།   ཐོན་ཁུངས་གྲོན་ཆུང་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད་པ་རེད།    བོད་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ།    མི་རིགས་རང་སྐྱོང་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ལ་འགྱུར་ལྡོག་རྩ་བ་ནས་མི་གཏོང་།    ཀྲུང་དབྱང་གིས་སྔར་བཞིན་བོད་ལྗོངས་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་སྔར་བཞིན་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པ།   སྔར་བཞིན་བོད་ལྗོངས་ཀྱི་ལས་རིགས་ཁག་གི་རིགས་སོ་སོའི་མི་དམངས་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
ཏུའུ་ཆིང་ལིན་གྱིས།   ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ལ།   གླེང་མོལ་བྱེད་པའི་སྒོ་ཆེན་ནམ་རྒྱུན་ཕྱེས་ཡོད།   གལ་སྲིད་ཏཱ་ལའི་བླ་མས་དངོས་གནས་ཚེ་མཇུག་ཏུ་རྒྱལ་ཁབ་དང་མི་རིགས།    བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་བཅས་ཀྱི་ཆེད་དུ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་པའི་རེ་འདུན་ཡོད་ན།   ངེས་པར་དུ་ལག་ལེན་དངོས་ལ་བརྟེན་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་བྱེད་སྒོར་གཏོར་བརླག་མི་བྱེད་པ་དང་།    དྲག་སྤྱོད་ཀྱི་བྱེད་སྒོ་མི་སྤེལ་བ།  དོན་དངོས་ཐོག་བོད་ཀྱི་གཞོན་ནུ་ཚོགས་པས་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་སྒོ་མི་སྤེལ་བ། བོད་རང་བཙན་དང་མེས་རྒྱལ་ཁ་བྲལ་གཏོང་འདོད་ཀྱི་ལྐོག་བྱུས་མཐའ་དག་ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་བཞག་ནས་ཡོངས་བསྒྲགས་བྱེད་དགོས་ཞེས་བཤད་ཡོད་པ་རེད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་པུའུ་ཀྲང་གཞོན་པ་སྲི་ཐར་གཉིས་ཀྱིས་སྐུ་ཚབ་རྣམ་པར་གླེང་མོལ་བྱས་ཤིང་།   ཀྲུང་དབྱང་གིས་ཏཱ་ལའི་བླ་མའི་རྩ་དོན་གྱི་རེ་བར་གསལ་བཤད་བྱས་པ་མ་ཟད།    ད་དུང་བྱེ་བྲག་གི་གནད་དོན་འགའ་ཞིག་བཏོན་ནས་བསམ་འཆར་བཏོན་པ་ནི།    གལ་སྲིད་ཏཱ་ལའི་བླ་མའི་ཕྱོགས་ནས་རྣམ་འགྱུར་ཡག་པོ་རེ་བསྟན་ན།    ལོ་མཇུག་ཙམ་ལ་ཐེངས་རྗེས་མའི་གྲོས་མོལ་བྱ་ཆོག་ཅེས་བཤད།    རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་མ་ཟད།    ད་དུང་ཐེངས་དེའི་གླེང་མོལ་གྱི་གནས་ཚུལ་ཇི་བཞིན་དུ་ཏཱ་ལའི་བླ་མར་སྙན་ཞུ་འབུལ་རྒྱུའི་བསམ་ཚུལ་བསྟན་པ་རེད་ཅེས་བཀོད་འདུག
པེ་ཅིན་དུ་སྡོད་པའི་རིང་ལ་སྐུ་ཚབ་རྣམ་པ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་ཚོགས་རར་ལྟ་སྐོར་དུ་ཕྱིན་པ་མ་ཟད། པེ་ཅིང་དུ་ཡོད་པའི་བོད་རིག་པའི་ཆེད་མཁས་པ་སྐོར་ཞིག་ལ་བཞུགས་མོལ་གནང་ཚུལ་ཡང་གསར་འགྱུར་དུ་བཀོད་འདུག

ཕྱི་ཚེས་ ༤ ཉིན་རྒྱ་རི་རིན་པོ་ཆེས་ལྡི་ལིའི་གནམ་ཐང་ནས་འབབ་སྐབས་གསར་འགོད་པར། ད་རེབ་ཀྱི་གྲོས་མོལ་འདི་ད་བར་གྱི་ཁག་ཤོས་སུ་གྱུར་ཚུལ་དང་། ཁོང་ཚོའ་ངོས་ནས་རྒྱ་ནག་གི་མགོ་ཁྲིད་ཚོར་དོན་དག་འགྲུབ་རྒྱུ་མེད་ཚེ་ཁོང་ཚོ་འདི་མུར་ཡོང་ན་ཕན་ཐོགས་ཡོད་པ་མ་རེད། དུས་ཚོད་འཕྲོ་བརླག་རེད་ཅེས་གསལ་བཤད་བྱས་ཚུལ་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༨/༠༧/༠༤

Leave a Reply

2 thoughts on “ལྐོག་བྱུས་མཐའ་དག་ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་ཞོག