བོད་དོན་ཕྱོགས་ནས་རྒྱ་ནག་ལ་མགོ་མ་བསྒུར།

ཕྱི་ལོ་ ༡༩༡༤ ལོར་རྒྱ་གར་དང་བོད་གཉིས་བར་མེག་མོ་ཧན་ས་མཚམས་གཏན་འབེབས་ཀྱི་གྲོས་ཆོད་བཞག་པ་ནས་ད་བར་ལོ་ ༩༤ སོང་ཡོད་པའི་དུས་འདིར། རྒྱ་གཞུང་གི་དམག་མིས་ཨ་རུ་ན་ཅལ་མངའ་སྡེའི་ནང་སིམ་འཛུལ་ཐེངས་ཤས་བྱེད་རྒྱུའེ་ཐབས་ཤེས་བྱས་ཡོད་པ་དེར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་དམངས་དང་གྲོས་ཚོགས། ཚོགས་པ་སོགས་ཀྱིས་ཁོང་ཁྲོ་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་ ༣ ཉིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གྲོས་ཚོགས་གླེང་སྟེགས་དང་ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་གཉིས་ཀྱིས་མེག་མོ་ཧན་ས་མཚམས་གཏན་འབེབས་ཀྱི་གྲོས་ཆོད་བཞག་སྟེ། ལོ་ ༩༤ འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་ལ། དུས་དྲན་ཐོག་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པ་དང་ཨ་རུ་ན་ཅལ་མངའ་སྡེའི་ནང་སིམ་འཛུལ་བྱེད་ཐབས་བྱེད་བཞིན་པ་སོགས་ཀྱི་ཐོག་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱ་ནག་གི་སིམ་འཛུལ་དེ་ནི་ ༡༩༡༤ ལོའི་རྒྱ་གར་དང་བོད་བར་གྱི་གྲོས་ཆོད་དེ་རྦད་དེ་རྡོག་རོལ་དུ་གཏོང་བཞིན་པའི་དོན་དག་ཞིག་ཡིན་པའི་ངོས་འཛིན་གནང་ཡོད། ཕྱི་ལོ་ ༡༩༡༤ ལོའི་ས་མཚམས་གྲོས་ཆོད་དེར་རྒྱ་གར་དང་བོད། རྒྱ་ནག་གསུམ་གྱིས་མོས་མཐུན་བྱས་ཡོད་ནའང་རྒྱ་གཞུང་གིས་མཐའ་མར་གྲོས་ཆོད་དེར་ས་རྟགས་བཀོད་མེད་པ་རེད།
དུས་དྲན་དེའི་སྟེང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཀིས་རན་རེ་ཇོ་ཇོ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་ཡོད་ཚུལ་སྒྲོགས་བཞིན་པ་དེར་གཞི་འཛིན་ས་གང་ཡང་མེད་ལ། ལོ་རྒྱུས་ཐོག་གསལ་བོར་སྟོན་བཞིན་པ་ནི་རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཟེར་བ་ཞིག་དུས་ནམ་ཡང་བྱུང་མྱོང་མེད། རྒྱ་གར་དབུས་གཞུང་གིས་གནད་དོན་དེའི་ཐོག་རྒྱ་ནག་ལ་དུས་ནམ་ཡང་མགོ་བོ་སྒུར་མྱོང་མེད། རྒྱ་གར་དམག་དོན་སྤྱི་ཁྱབ་པས་ཨ་རུ་ན་ཅལ་མངའ་སྡེའི་ནང་རྒྱ་གཞུང་གི་དམག་མིས་སིམ་འཛུལ་བྱ་ཐབས་བྱས་ཡོད་པ་ངོས་ལེན་གནང་ཡོད་ནའང་། དབུས་གཞུང་གིས་ད་བར་རྒྱ་ནག་མཉམ་གནད་དོན་དེའི་ཐད་སྐད་ཆ་ཅི་ཡང་ཤོད་ཐུབ་མེད་པ་ནི་ཆེས་ཐབས་སྐྱོ་བོ་ཞིག་ཆགས་ཡོད། ཅེས་དང་། རྒྱ་གར་གྱི་བདེ་འཇགས་དང་ཆིག་སྒྲིལ་བརྟན་ལྷིང་ནི་བོད་ནང་གི་ཞི་བདེ་ལ་འབྲེལ་བ་དམ་པོ་ཡོད་ཅེས་གསུངས་ཡོད་པ་རེད།
དུས་དྲན་དེའི་གཙོ་འགན་འཁུར་མཁན་ནི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པུ་རུམ་ཀོའུ་མར་ལགས་ཀྱིས་གནང་ཡོད་ལ། ཁོང་གིས་ཧི་མ་ལ་ཡའི་མི་དམངས་དང་ཧི་མ་ལའི་རི་བརྒྱུད་ཀྱི་མངའ་སྡེའི་ཁག་ཕན་ཚུན་གྱི་ཆིག་སྒྲིལ་སྲུང་སྐྱོབ་ཀྱིས་ས་མཚམས་བདེ་འཇགས་ལས་དོན་ཐོག་ནུས་ཤུགས་ཐོན་ཐུབ་པ་དགོས་པའི་གསུང་བཤད་གནང་ཡོད་པ་དང་། བོད་དང་ཀ་ཤྲི་རྨིར་གནད་དོན་གཉིས་ཀྱིས་དུས་ཡུན་རིང་བོའི་ནང་རྒྱ་གར་ལ་དཀའ་ངལ་སྤྲོད་བཞིན་པ་དེ་ནི་དེ་སྔོན་གྱི་སྲིད་བློན་ནེ་ཧ་རུའི་ཞན་ཆ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་འདུག བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་བོད་དང་རྒྱ་ནག་བར་དམག་འཐབ་དང་མང་བྱུང་མྱོང་ཡོད་པར་མ་ཟད། ཕྱོགས་གཉིས་བར་ས་མཚམས་གཏན་འབེབས་ཀྱི་གྲོས་ཆོད་ཐེངས་མང་བྱུང་ཡོད་ནའང་རྒྱ་གཞུང་གིས་གྲོས་ཆོད་དེ་དག་རྡོག་རོལ་བཏང་ཡོད། བོད་མི་རིགས་ཀྱི་འཚོ་གནས་ཐུབ་པར་དཔལ་འབྱོར་གྱི་ཐོན་ཁོངས་འདེང་ངེས་ཡོད་ལ་བོད་མི་རིགས་ལ་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་པའི་ནུས་པ་ཆ་ཚང་ཡོད་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply