སིངྒ་གླིང་གི་འཐབ་ར་ནས་མི་ ༣༤ བསད་འདུག

སིངྒ་གླིང་གི་བྱང་ཁུལ་གཡུལ་ས་ནས་ཊ་མེལ་གྱེན་ལོག་ཚོགས་པ་དང་གཞུང་གི་དམག་མིའི་བར་འཐབ་རེས་ཤོར་ཏེ་ཊ་མེལ་གྱེན་ལོག་པ་ ༣༢ དང་གཞུང་དམག་གཉིས་བསད་ཡོད་འདུག
ཕྱི་ཚེས་ ༤ ཉིན་གྱི་འཐབ་འཁྲུག་སྐབས་གོང་གསལ་མི་གྲངས་བསད་ཡོད་པ་དང་། གནས་ཚུལ་སྤེལ་བ་ལྟར་ན། སིངྒ་གླིང་གཞུང་གིས་འདས་པའི་ཟླ་ཤས་ནས་བཟུང་ཧིན་རྡུ་རྒྱ་མཚོའི་གླིང་ཕྲན་དེའི་ནང་གི་འཇབ་དམག་དག་ལ་སྐམ་ས་དང་གནམ་ཐོག་གཉིས་ཀ་ནས་དྲག་པོའི་ཕར་རྒོལ་བྱས་ཏེ་ལོ་འདིའི་ལོ་མཇུག་བར་དུ་གྱེན་ལོག་པས་བཟུང་བའི་ས་ཁུལ་ཁག་ཚུར་བླངས་ཏེ་གྱེན་ལོག་པ་རྩ་མེད་བཟོ་རྒྱུའི་བཀའ་བཏང་ཡོད་འདུག
གཡུལ་འཐབ་མཐའ་མ་དེ་ཕྱི་ཚེས་ ༤ ཉིན་གྱེན་ལོག་པ་ཚོ་སྡོད་སའི་མངའ་ཁུལ་གཙོ་བོ་ཝ་ཝོ་ནེ་ཡ་དང་མན་ནར། ཝེ་ལོ་ཡ་བཅས་ནས་ཐུག་ཚུལ་མིང་འདོན་འདོད་མེད་མཁན་སིངྒ་གླིང་གི་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་ཞིག་གིས་བརྗོད་ཡོད་འདུག ཁོང་ལྟར་ན། སྐབས་དེར་མན་ནར་གཅིག་པུ་ནས་ཐེངས་འགར་ཐུག་སྟེ་གྱེན་ལོག་པ་ ༢༤ དང་དམག་མི་ ༢ བསད་ཡོད་པ་དང་། གྱེན་ལོག་པ་ ༢༥ དང་དམག་མི་ ༡༠ རྨས་ཡོད་འདུག
ས་ཁུལ་གཞན་གཉིས་ནས་ཊ་མེལ་གྱེན་ལོག་པ་ ༨ བསད་པ་དང་། གྱེན་ལོག་པ་ ༡༢ དང་དམག་མི་ ༤ རྨས་ཡོད་འདུག
སིངྒ་གླིང་གི་འཐབ་འཁྲུག་ནགས་ཁུལ་འདི་དག་ནས་ནམ་རྒྱུན་དམག་འཐབ་འབྱུང་གི་ཡོད་ནའང་གསར་འགོད་པའི་འགྲོ་རྒྱུགས་འགོག་སྡོམ་བྱས་ཡོད་སྟབས། དོན་དངོས་ཐོག་མི་བསད་པ་དང་རྨས་པའི་ཁ་གྲངས་གསལ་བོར་མི་ཤེས་ལ། ཕྱོགས་གཉིས་ནས་ཕན་ཚུན་རྡབ་རེས་དང་སྒྲོ་འདོགས་ཀྱི་རྣམ་པ་རྒྱུན་ལྡན་ཡིན་འདུག
ཊ་མེལ་གྱེན་ལོག་པ་འདི་དག་གིས་ ༡༩༨༣ ལོ་ནས་བཟུང་ཊ་མེལ་གྲངས་ཉུང་མི་རིགས་ལ་རང་བཙན་གྱི་གཞུང་ཞིག་རྩོད་ལེན་བྱེད་ཀྱི་ཡོད་ལ། ཁོང་ཚོ་ནི་དེང་གི་སིངྒ་གླིང་གཞུང་འཛིན་མཁན་སིན་ཧ་ལེ་སེ་མི་རིགས་ཀྱི་འོག་ནས་ཡར་རྒྱས་ཕྱིན་མེད་པར་ལྷག་ཡོད། ལོ་ ༢༥ རིང་གི་རྩོད་རྙོག་འདིའི་ཁྲོད་ཁྱོན་སྡོམ་མི་ ༧༠༠༠༠ སྲོག་ཤོར་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “སིངྒ་གླིང་གི་འཐབ་ར་ནས་མི་ ༣༤ བསད་འདུག

  1. གུས་པ་དུས་བབས་དྲ་ཐོག་དུ་ལྟ་སྐབས་སིངྒ་གླིང་གི་འཐབ་ར་ནས་མི་ ༣༤ བསད་འདུག་ཞེས་པའི་གནས་ཚུལ་དེར་ལྟ་སྐབས་དེར་བསམ་འཆར་གཅིག་ཀྱང་མི་འདུག་པས་ངའི་བསམ་པར་བོད་པ་ཡང་འགྲོ་བ་མི་ཞིག་རེད་ལ་སིངྒ་གླིང་གི་འཐབ་ར་ནས་མི་ ༣༤ བསད་འདུག་དེ་དག་ཀྱང་འགྲོ་བ་མི་ཞིག་ཡིན་པས་ང་རབས་བྱུང་ཞིག་ཡིན་པའི་ཆ་ནས་ཉེ་དགའ་ཕྱོགས་ཞེན་མེད་པར་དེ་དག་གི་ཆེད་དུ་སྨོན་ལམ་ཞིག་རྒྱག་འདོད་བྱུང། ངའི་རེ་བ་ལ་བོད་པའི་རབ་བྱུང་བ་རྣམས་ཀྱིས་བོད་མིའི་བདེ་སྡུག་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་སངས་རྒྱས་ཀྱི་གསུངས་པ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཞིག་སྒོམས་རོགས་མཛོད། །