ངང་སྒུག་རིང་མོ།

མཚམས་རེར་ང་ཚོས་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་དོན་འདི་མི་ཤེས་དུས། འདི་ཤེས་བྱེད་ཀྱི་ལྟ་སྟངས་ཡག་ཤོས་ནི་ནང་པ་སངས་རྒྱས་པ་ཞིག་གི་ཆབ་སྲིད་ཀྱི་ལྟ་བ་དང་། དེའི་ལས་འགུལ་ལ་སོམས་དང་གཞི་ནས་བོད་དོན་འདིའི་ཉམ་ང་བའི་དབུགས་ཐག་དེ་ཚོར་ཐུབ་པར་འགྱུར།
ནང་ཆོས་ཀྱི་ནང་སྙིང་ངོ་མ་ནི་ནང་སེམས་པ་རེད། སེམས་པ་དེའི་གཏིང་གི་སེར་རིལ་ལྟ་བུའི་བྱམས་སྙིང་རྗེ་རེད། སྙིང་རྗེ་དེས་བསྐྱེད་པའི་འཚེ་མེད་ཞི་བ་རེད། འཚེ་མེད་ཞི་བའི་གོ་དོན་གཞན་ཞིག་ནི་བཟོད་པ་ཆེན་མོ་རེད། བོད་མི་རིགས་ཀྱིས་ནང་ཆོས་ཀྱི་གོ་བ་འདི་ལྟར་ལེན་གྱིན་ཡོད་ལ། གོ་བ་འདིའི་ཤུགས་རྐྱེན་གྱི་འོག་ནས་བོད་མིའི་ཆབ་སྲིད་ཀྱི་ལྟ་བ་འཛིན་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ཐམས་ཅད་ཀྱང་གཏན་འབེབས་བྱེད་ཀྱིན་ཡོད། ནམ་ཞིག་བོད་མི་རིགས་ནི་གོང་གསལ་དམ་བཅའ་དེ་དག་གི་རྒྱ་ལས་འདའ་ཚེ་ནང་པ་སངས་རྒྱས་པའི་ཆོས་དེ་བོད་ནས་འཇིག་ཅིང་། ང་ཚོ་ཡང་བསྐྱར་མི་རིགས་ཤིག་གི་ངོ་བོར་འཕེལ་བ་ཡིན། དེ་དུས་ང་ཚོའི་སྲོག་དང་སྙིང་ལྟ་བུའི་དབུ་ཁྲིད་ནི་ང་ཚོ་དང་ལོགས་སུ་ཕེབས་འགྲོ་སྟེ། དཔེར་ན། ལོ་འདིར་༧གོང་ས་མཆོག་གིས་བོད་རིགས་མི་དམངས་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་ཉེན་བརྡའི་བཀའ་སློབ་བསྩལ་བ་ལྟ་བུ་དང་། བཀའ་ཁྲི་མཆོག་གིས་ང་ཚོས་འཛམ་གླིང་ལ་རང་ཉིད་ནང་བ་སངས་རྒྱས་པ་ཡིན་མིན་ཡིག་ཚད་སྤྲོད་པའི་དུས་ཡིན་ཅེས་མཛུབ་སྟོན་གྱི་གསུང་བཤད་གནང་བ་དག་ལས་ཤེས་ཐུབ། འདི་ལྟར་བོད་མི་རིགས་ཀྱིས་ནང་ཆོས་དང་རང་གི་བླ་ན་མེད་པའི་དབུ་ཁྲིད་དག་བློས་མ་བཟོད་པར་ཡང་བསྐྱར་རྒྱ་ནག་གཞུང་གི་མནར་གཅོད་དེ་སེམས་ཀྱིས་བཟོད་པར་བྱས་ཤིང་། སྡུལ་བསྔལ་ཡོད་ཚད་ཁོག་ཏུ་བཅུགས་ཏེ། བོད་དོན་གྱི་མི་ལོ་ལྔ་བཅུའི་རིང་ངང་སྒུག་རིང་མོ་དེའི་འཕྲོར་ཉན་ཏེ་སྡོད་དགོས་པར་གྱུར།
འོན་ཀྱང་། བོད་དོན་གྱི་ཐད་ནས་བོད་རིགས་གཞོན་སྐྱེས་ཚོར་ངེས་འབྱུང་ལྟ་བུ་ཞིག་སྐྱེས་གིན་མེད་ལ། ཁོང་ཚོས་བོད་ཀྱི་མ་འོངས་པ་འདིར་མུ་མཐུད་ནས་རེ་བ་སར་པ་དང་། གོ་སྐབས་མང་པོ་ཞིག་མཐོང་གི་ཡོད་ལ། བོད་དོན་འཐབ་རྩོད་ཀྱི་རིགས་ལམ་ཡང་མི་འདྲ་བ་རེ་འཁྱེར་ཡོང་གི་ཡོད། དཔེར་ན། ཉིན་ཤས་སྔོན་གཞོན་སྐྱེས་ཤིག་གིས་ང་ལ་རྩོམ་ཡིག་ཅིག་བསྐུར་བའི་ནང་། གལ་སྲིད་ཁྱེད་ཀྱི་ནང་མི་སུ་རུང་ཞིག་ལ་ཁྱི་སྨྱོན་པ་ཞིག་གིས་སོ་བརྒྱབས་པ་ཡིན་ན། ཁྱེད་ཀྱིས་བཟོད་བསྲན་བྱེད་ཀྱི་ཡིན་ནམ། བྱམས་སྙིང་རྗེ་དྲན་གྱི་རེད་དམ། ཡང་ན། རྒྱུགས་པ་རིང་པོ་ཞིག་འཕྱར་ནས་ཁྱི་དེའི་སྟེང་ལ་རྒྱུག་གི་ཡིན། ཟེར། ཁོས་མུ་མཐུད་ནས། ངས་འཚོལ་རྟོགས་ discovery བརྙན་འཕྲིན་ལེ་ཚན་དུ། བྱེའུ་ཚང་ཞིག་ནང་གི་བྱེའུ་ཕྲུག་དེ་སྦྲུལ་ཞིག་གིས་ཟས་སྐབས། བྱེའུ་མ་དེར་ཞེད་སྣང་དང་ཕྱི་སྣུར་མེད་པར་སྦྲུལ་དེར་འཛིང་བ་མཐོང་བྱུང་། འདི་ནི་རླབས་ཆེན་གྱི་བརྩེ་བ་ཆེན་པོ་རེད་ལ། ཆོས་ཉིད་ཀྱི་རང་བཞིན་ཡང་རེད་ཟེར། འདི་ལྟར་བོད་རིགས་གཞོན་སྐྱེས་ཚོས་ཐ་ན་རང་ཉིད་སྲོག་ཆགས་གཞན་དང་མཉམ་དུ་གཏུགས་ནས་བོད་དོན་འཐབ་རྩོད་ཀྱི་ལན་འཚོལ་གྱིན་ཡོད་ལ། སྲོག་ཆགས་ཕན་ཚུན་བར་གྱི་འགལ་ཟླའི་ཁྲོད་ནས་ཀྱང་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་། འཐབ་རྩོད་བྱེད་ཕྱོགས་འཚོལ་གྱིན་ཡོད། འདིའི་ངོས་ནས་བསམ་ཚེ། ལོ་ཕྱི་ནང་འདིར་༸གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་ཆེན་དང་དགེ་བཤེས་རྣམ་པས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ཀྱི་ནང་སྙིང་དག་སྤྲད་ནས་གསོ་བཞིན། ཁོང་ཚོའི་སེམས་དང་གཤིས་སུ་འགྲུབ་ཀྱིན་པའི་ཞེ་འཁོན་གྱི་དྲི་མ་དག་གཙང་མར་བཟོ་བཞིན་ཡོད་ནའང་། བོད་དོན་གྱི་ངང་སྒུག་རིང་མོ་འདིའི་སྣེ་རུ་བོད་མིའི་བཟོད་བསྲན་གྱི་གས་ཀ་ཆེན་པོ་དེ་མཐོང་ལ། ནང་ཆོས་ཀྱི་ནང་སྙིང་ལྟར་ཆགས་པའི་བོད་དོན་འདིའི་རུལ་དྲིའང་འཐིལ་གྱིན་འདུག་སྙམ་མོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply