བལ་ཡུལ་སྐྱོབས་རོགས།

ཉིན་ཤས་སྔོན་བལ་ཡུལ་དུ་ཡོད་པའི་གྲོགས་པོ་ཞིག་གིས་ང་ལ་བཤད་དོན། དེང་སྐབས་བལ་ཡུལ་དུ་སྡོད་པ་དང་ཨ་མདོ་རུ་སྡོད་པ་གཉིས་ལ་ཁྱད་པར་ཅི་ཡང་མི་འདུག ཆབ་སྲིད་ཀྱི་ལས་འགུལ་སྤེལ་ན་ནག་ཉེས་གཅིག་མཚུངས་རེད་ལ། ཆབ་སྲིད་ཀྱི་ལས་འགུལ་མ་སྤེལ་ནའང་རང་དབང་གཅིག་མཚུངས་རེད་ཟེར། ཁོའི་སྐད་ཆ་དེས་ང་ལ་བལ་ཡུལ་འདི་ཅི་ཙམ་ཞིག་རྒྱ་ལག་ལ་ཤོར་ཡོད་པའི་གནས་སྟངས་དེ་ཚོར་དུ་བཅུག
བལ་ཡུལ་ནི་ད་ལྟ་རྒྱ་ནག་གི་བཙན་འོག་ན་ཡོད་པའི་མངའ་སྡེ་ཞིག་དང་མཚུངས་ལ། དེའི་ཁར་རྒྱ་ནག་གིས་ད་ཆར་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་མཚམས་སྒོ་རྒྱག་རྒྱུའི་ངན་ཇུས་འཐེན་བཞིན་ཡོད་ལ། ཁོང་ཚོའི་ཁ་གཡར་ས་ནི་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་མཚམས་ལྷོད་གཡེང་ཆེ་སྟབས་བོད་མི་ཚོར་རྒྱ་རྒོལ་གྱི་ལས་འགུལ་སྤེལ་བར་འགྲོ་རྒྱུགས་རང་དབང་ཆེ་དྲག་འདུག་ཅེས་པ་འདི་རེད། འདི་ཙམ་གྱིས་ག་ནས་ཚད། རྒྱ་ནག་གིས་བཤད་ན། རྒྱ་གར་གྱིས་བལ་ཡུལ་འདི་བཙན་བཟུང་བྱེད་འདོད་ཡོད་པ་རེད་ཟེར་ལ། རྒྱ་གར་གྱིས་བལ་ཡུལ་འདི་འབྲས་ལྗོངས་གཉིས་པ་ལྟ་བུ་ཞིག་ལ་བསྒྱུར་འདོད་ཡོད་པ་རྒྱ་ནག་གིས་གསལ་བོར་ཤེས་ཀྱིན་ཡོད། ཡིན་ནའང་རྒྱ་ནག་གིས་བལ་ཡུལ་གྱི་བདག་དབང་དང་རང་བཙན་གནས་བབ། གཅིག་གྱུར་བཅས་སྲུང་སྐྱོབ་བྱེད་པར་ཅི་ནུས་ཀྱི་རོགས་རམ་བྱེད་ཀྱི་ཡིན་ཟེར། སྒྲུང་འདི་ནི་སྔོན་མ་རྒྱ་ནག་གི་དམར་དམག་ཐོག་མར་བོད་དུ་རྒྱང་བསྐྱོད་བྱེད་སྐབས་རྒྱ་ནག་གིས་བོད་ལ་ཁས་ལེན་མང་པོ་ཞིག་བྱས་པ་དང་གཅིག་མཚུངས་ཆགས་ཡོད།
ལོ་ངོ་ ༥༠ ལྷག་གི་རིང་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་མཚམས་ནི་སྒོ་ཕྱེ་སྟེ། ཕན་ཚུན་འགྲུལ་བཞུད་བྱེད་པར་ཐོངས་ཆེན་ལག་འཁྱེར་སོགས་ཅི་ཡང་མི་དགོས། ཡིན་ནའང་ད་ཆར་རྒྱ་ནག་གིས་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་མཚམས་ལ་ཆ་རྐྱེན་ཞིག་འདོན་བཞིན་པ་འདིས་ལྷོ་ཨེ་ཤ་ཡའི་ནང་དུ་རྒྱ་ནག་གི་དབང་ཤུགས་སླེབས་ཟིན་པ་མ་ཟད། ད་ནས་བཟུང་བལ་ཡུལ་འདི་རྒྱ་གར་གྱི་མཆན་འོག་ནས་བཀོག་སྟེ་ཀྲུང་གོའི་ཆ་ཤས་ཤིག་ཏུ་སྦྱར་ཚར་པ་བསྟན་ཡོད་ལ། དེའི་ཁར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དེའང་རིམ་པ་གཞན་ཞིག་ཏུ་འཕོ་རྒྱུའི་སྟ་གོན་བྱས་ཡོད། འོན་ཀྱང་། ལྡི་ལིའི་སྲིད་དོན་པ་དག་གིས་རྒྱ་ནག་ལ་ལན་ཚ་ཐག་ཆོད་ཅིག་འདེབས་ཐུབ་ཀྱིན་མེད་པ་དེས། ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་ཆབ་སྲིད་འཐབ་བྱུས་ཉམས་ཤིང་། མངའ་ཁུལ་འདི་དག་གི་རྒྱལ་ཁབ་གཅིག་ཀྱང་རྒྱ་གར་གྱིས་སྐྱོབ་མི་ཐུབ་པའི་གནས་སྟངས་གསལ་བཤད་བྱས་པ་ཡིན་ལ། དཀའ་རྙོག་འདི་དག་གི་མགོ་ཁུངས་ནི་སྲིད་བློན་ནེའུ་རོ་མཆོག་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་སྤྲད་པ་དེ་ཡིན།
བལ་ཡུལ་རང་སྟེང་ནས་བཤད་ན། རྒྱ་དཀར་ནག་གང་གི་འོག་ཏུའང་འགྲོ་འདོད་མེད་ལ། ལོ་ངོ་སྟོང་ཕྲག་གི་རིང་ཆོས་དང་རག་གཞུང་། ཡུལ་བབ་བཅས་ཀྱི་འབྲེལ་བ་དམ་པོ་ཡོད་པའི་བལ་བོད་མི་རིགས་ཀྱི་མཛའ་འབྲེལ་འདི་གཏོར་ཏེ། བོད་མི་རིགས་ཀྱི་སེམས་ལ་རྨ་ཁ་ཟབ་མོ་ཞིག་བཟོ་འདོད་མེད་ནའང་། རྒྱ་ནག་གི་དབང་ཤུགས་འོག་ནས་ད་ཆར་འཁྲབ་སྟོན་འདི་མི་འཁྲབ་ཐབས་མེད་དུ་གྱུར་ཡོད།
རྒྱ་གར་གྱིས་དོན་དངོས་ཐོག་ཧི་མ་ལ་ཡའི་རི་རྒྱུད་འདི་དག་སྲུང་སྐྱོབ་དང་། རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ཚེ། ངེས་པར་དུ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཤིང་། དེའི་ཐབས་ལམ་ཡག་ཤོས་ནི་བོད་ཀྱི་གནད་དོན་ཡིན་ལ། ལོ་འདིར་བོད་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་འདིར་རྒྱ་གར་གཞུང་གིས་ངོས་འཛིན་དང་། རྒྱ་ནག་གི་མནར་གཅོད་དང་བཙོན་འཇུག་འོག་ཡོད་པའི་བོད་མི་དག་གི་བདེ་སྡུག་གནས་སྟངས་ཐད་ལ་འགན་ལེན་ཡོད་པའི་སྐད་ཆ་བཤད་ཐུབ་རྒྱུ་དེ་ཡིན་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply