འོས་སྒམ་ནང་གི་ནོར་བུ། ཚན་པ་དང་པོ།

ཏཱ་ལའི་བླ་མ་གསར་བ་འོས་འདེམས།

                     འཇམ་དབྱངས་ནོར་བུ།   ལུང་རིགས་རྒྱལ་གྱིས་ཕ་ཡུལ་དྲ་རྒྱ་ནས་ཕབ་བསྒྱུར་བྱས།

ཕྱི་ལོ་ ༡༩༤༩ ལོར་མདོ་ཁམས་སྤྱི་ཁྱབ་པ་ལྷ་ཀླུ་ཡིས་རླུང་འཕྲིན་བརྒྱུད་ལྷ་སར་བཞུགས་པའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེར་བཀའ་མོལ་ཞིག་ཞུས་པ་རེད། ཆབ་མདོར་སྡོད་མཁན་བོད་གཞུང་གི་རླུང་འཕྲིན་གཏོང་མཁན་རོ་བྷན་ཊི་ཧྥོར་ཊི་ཡིས་ཁོང་གི་དཔེ་དེབ་ captured in Tibet  བོད་ནང་འཇུས་པ་ཞེས་པའི་ནང་འདིའི་ཐད་དུ། ཁོང་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་ཞུ་སྒོ་འདིའི་ཐུན་མོང་མ་ཡིན་པའི་གནས་སྟངས་གང་འདྲ་ཞིག་ཡིན་པར་འདོད་དེ་ཁོ་རང་ཡ་མཚན་སྐྱེས། ཡིན་ནའང་ལྷ་ཀླུ་ཡིས་ཐོག་མར་རླུང་འཕྲིན་གྱི་རྒྱང་སྲིང་ཡོ་ཆས་དེར་ཕྱག་འཚལ་ཞིང་ཁ་བཏགས་ཤིག་གཡོག་རྗེས་སྒྲ་སྐྱེད་ཁ་པར་བླངས་པས་དཀའ་རྙོག་དེ་བསལ་བ་འདྲ། ཞེས་བཀོད་འདུག

      བོད་མི་ཞིག་གིས་ཏཱ་ལའི་བླ་མ་རྗེས་མ་དེར་འོས་ཤོག་མ་འཕངས་པའི་སྔོན་དུ་འོས་སྒམ་གྱི་མདུན་དུ་ཕྱག་འཚལ་ན་འོས་པ་འདུག་གམ། ཉེ་ལམ་༧གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་ཡང་སྲིད་དེ་བོད་མི་རིགས་ཀྱི་འོས་བསྡུའི་ལམ་ནས་ཕེབས་སྲིད་པའི་བཀའ་གསུང་བསྒྲགས་མ་ཐག་དྲི་བ་འདི་ངའི་ཀླད་པའི་ནང་ཐག་གེར་ཐོན་བྱུང༌། ཐོག་མར་ངས་བཀའ་མོལ་འདི་ནི་༧གོང་ས་མཆོག་གི་ཞལ་ནས་རང་བཞིན་གྱིས་ཐོལ་བའི་གསུང་ཞིག་ཡིན་པར་འདོད་ལ། ༧གོང་ས་མཆོག་གིས་འདི་ལྟའི་གློ་བུར་བའི་གསུང་གནང་གི་ཡོད་ལ། དེས་ནམ་རྒྱུན་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རིམ་པ་ཚོར་སེམས་འཚབ་རེ་འཁྱེར་ཡོང་གི་ཡོད། ཡིན་ནའང་ཉིན་ཤས་ཀྱི་རྗེས་སུ་༧གོང་ས་མཆོག་གིས་ཁོང་གི་དགོངས་གཞི་འདིའི་སྐོར་ཡང་བསྐྱར་གསུངས་ཏེ། ཁོང་གི་ཡང་སྲིད་དེ་ཁོང་སྐུ་སྒེར་གྱི་ངོས་ནས་བསྐོ་འཇོག་བྱེད་པའམ། ཡང་ན། ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་པོབ་ཕེབས་ལུགས་ལྟར་བོད་ཀྱི་བླ་ཆེན་སྐོར་ཞིག་གི་ནང་ནས་ཁོང་གི་རྗེས་སྐྱོང་བ་ཞིག་འོས་འདེམས་བྱེད་རྒྱུ་བཅས་ཁོང་གི་ཡང་སྲིད་ཕེབས་སྟངས་ལ་ལམ་ཁ་འགའ་ཤས་ཡོད་པར་གསུངས་འདུག  བཀའ་གསུང་མཐའ་མ་དེའི་ནང་དུ་ཁོང་གི་ཡང་སྲིད་དུ་བུད་མེད་ཅིག་ཕེབས་པ་ཡིན་ནའང་མ་འགྲིག་པ་མཐོང་གི་མེད་ཅེས་གསུངས་འདུག  དེ་ལྟར་ཡང༌། ༧སྐུ་མདུན་གྱི་དགོངས་གཞི་གཙོ་བོ་ཞིག་ནི་ལར་ནས་ཁོང་གི་ཡང་སྲིད་ཅིག་ཕེབས་དགོས་མིན་དང༌། ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་འདི་མུར་གནས་དགོས་མིན་སྐོར་བོད་པའི་སྤྱི་ཚོགས་ཁྲོད་མང་མོས་འོས་བསྡུ་གནང་རྒྱུ་དེ་རེད།

      འདི་ནི་རྒྱ་ནག་གཞུང་གིས་བོད་པའི་བླ་སྦྲུལ་དག་གི་ཡང་སྲིད་ཕེབས་ཕྱོགས་ལ་སྟངས་འཛིན་བྱེད་འདོད་ཀྱི་དམིགས་ཡུལ་དེར་༧གོང་ས་མཆོག་གིས་ལན་འདེབས་བྱེད་སྟངས་ཤིག་ཡིན་པ་གསལ་བོ་རེད་ལ། མ་མཐར་ཡང་ཚད་གཞི་གཅིག་གི་ཐོག་ནས་དེ་ལྟར་རེད། འདི་ནི་ཐབས་བྱུས་ཤིག་ཡིན་སྟབས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་བགྲོ་གླེང་དང་དོ་སྣང་ཆེན་པོ་སྤྲད་ཅིང༌། ཏཱ་ལའི་བླ་མས་འགན་མ་ཁྱེར་བར་གནད་དོན་འདིའི་ཕྱོགས་ནས་རྒྱ་ནག་ལ་ལམ་ཁ་སྤྲོད་ཀྱི་འདུག་ཅེས་གླེང་སློང་བྱས་པ་སོགས་ཤུགས་རྐྱེན་ངེས་ཅན་ཞིག་སླེབས་པ་རེད། རྩོམ་ཡིག་དང་བསམ་ཚུལ་མང་ཆེ་བ་ནི་ཡག་ཕྱོགས་དང་འཐད་ཕྱོགས་ནས་རེད། ཁག་ཅིག་གིས་ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་ཡང་སྲིད་ཕེབས་སྟངས་དང་བོད་པའི་སྤྱི་ཚོགས་དམངས་གཙོར་བསྒྱུར་བཞིན་པ་འདིར་རྒྱབ་སྐྱོར་གྱི་བསམ་ཚུལ་བཏོན་འདུག

      ཐ་ན་སྲོལ་རྒྱུན་དུ་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་སྟངས་འགའ་ཤས་ནི་ཐ་སྙད་ཀྱི་གོ་བའི་སྟེང་ནས་མིན་པར། སྒྲ་ཡང་འཇུག་གིས་བལྟས་ན་དམངས་གཙོའི་ལམ་ལུགས་ཡིན་པར་བརྗོད་ཅིང༌། ཏཱ་ལའི་བླ་མ་རྣམས་ནི་ས་ཁུལ་མ་འདྲ་བ་དང་སྤྱི་ཚོགས་ཀྱི་གྲལ་རིམ་མི་འདྲ་བ་ནས་ཕེབས་ཡོད་ལ། སྐུ་ཕྲེང་དང་པོ་ནི་རྒྱབ་ལྗོངས་ཧ་ཅང་དམའ་ས་ཞིག་ནས་ཕེབས་ཡོད་པ་དང༌། དེའི་རྗེས་ཀྱི་སྐུ་ཕྲེང་ཁག་ཅིག་ནི་ཞིང་པ་དང་འབྲོག་པའི་ས་ཁུལ་ནས་ཕེབས་པ་རེད། ང་ཚོ་ཚང་མས་སྐུ་ཕྲེང་འདི་པ་ཕེབས་སའི་གྲོང་གསེབ་ཀྱི་གནས་སྟངས་དེ་མཁྱེན་གསལ་རེད། སུ་ཡིན་ནའང་ཁྱིམ་ཚང་གཉོམ་ཆུང་ཞིག་བོད་པའི་ནང་ཆོས་ཀྱི་འཇིག་རྟེན་འདིའི་ཁྱིམ་ཚང་གལ་ཆེ་ཤོས་དང་པོར་ཆགས་པའི་བརྒྱུད་རིམ་འདི་ནི། ཤིང་ཁང་སྐམ་པོ་ཞིག་ནས་ཕོ་བྲང་དཀར་པོར་ཕེབས་པའི་གནས་ཚུལ་དེ་དང་མི་བསྡུར་མཁན་མེད། འདིའི་ཞོར་གྱི་དབང་ཤུགས་དང་འབྱོར་ཕྱུག་ནི་མཚམས་རེར་ཡབ་གཞིས་ཀྱི་ལག་ཏུ་ཤོར་འགྲོ་ལ། བོད་ཀྱི་ལོ་རྒྱུས་ཁྲོད་ཉུང་མཐར་ཡང་འདི་ལྟའི་ཡིད་སྐྱོ་བའི་གནས་ཚུལ་ཐེངས་གཉིས་བྱུང་མྱོང་ཡོད།

       སྒྲིག་འཛུགས་ཀྱི་ངོས་ནས་འདི་ལྟའི་དཀའ་རྙོག་འགའ་རེ་བསླངས་ནའང༌། བོད་རྒྱལ་ཡོངས་སུ་ཐུན་མོང་གི་ཡིད་ཆེས་ཤིག་ཡོད་པ་ནི་མ་མཐར་ཡང་ཁོང་གི་ཡང་སྲིད་འོས་འདེམས་ཀྱི་བརྒྱུད་རིམ་དེ་ནི་གཡོ་བྱུས་དང་མགོ་སྐོར་གྱི་དབང་དུ་མི་འགྲོ་ལ། དེ་དུས་ཀྱི་དངོས་ཡོད་གནས་ཚུལ་ལྟར། བོད་པའི་ཁྱིམ་ཚང་གང་འདྲ་ཞིག་ཏུའང་སྐབས་དེར་བུད་མེད་ཅིག་ལ་མངལ་སྦྲུམ་ཡོད་དུས་རྒྱལ་ཡོངས་ཀྱི་རླབས་ཆེ་བའི་རྒྱན་ཤོག་འདི་ཐོབ་པར་གོ་སྐབས་བླ་ལྷག་ཆེ།

     ད་ལྟ་ཏཱ་ལའི་བླ་མས་ཁོང་གི་ཡང་སྲིད་འཚོལ་ཕྱོགས་ལ་དགོངས་གཞི་གསར་པ་དང་དམངས་གཙོའི་ལམ་ལུགས་དང་མཐུན་པ་ཞིག་བསྟན་ཡོང་དུས། མི་སུ་ཡིན་ནའང་སྔོན་མའི་ལམ་ལུགས་རྙིང་བའི་ཁྲོད་ཡོད་པའི་ནོར་འཛོལ་ཆེ་ཆུང་གང་ཡིན་དང༌། ཐ་ན་ཆ་ཤས་ཙམ་ཞིག་ཡོད་ནའང་ད་ནས་བཟུང་མེད་པར་བཟོ་གི་རེད་ཅེས་བསམ་རྒྱུ་ནི་ཨ་ཅང་ཅང༌། ལམ་ལུགས་རྙིང་བ་ལའང་དཀའ་རྙོག་ཡོད་པ་རེད། གཅིག་ནི་ང་ཚོས་གོང་དུ་བཤད་ཟིན་ལ་ད་དུང་ཡོད་དེ། ཕལ་ཆེར་གྲགས་སྐད་ཆེ་ཤོས་གཅིག་ནི་ཏཱ་ལའི་བླ་མའི་ཡང་སྲིད་མ་འཁྲུངས་པའི་བར་སྐབས་དེར་རྒྱལ་ཚབ་ཅིག་གིས་སྲིད་བསྐྱངས་པའི་སྐོར་རེད། སྤྱིར་ན་རྒྱལ་ཚབ་དེ་དགེ་ལུགས་པའི་གདན་ས་ཁག་གི་བླ་ཆེན་མཐོ་ཤོས་དག་གིས་བདམས་པ་ཡིན་ནའང་སྟབས་ཉེས་པ་ཞིག་ལ་རྒྱལ་ཚབ་དེས་དབང་ཤུགས་བེད་སྤྱོད་དང་ལྐོག་ཟ་བྱེད་རྩིས་བྱས་པ་རེད།

      ༧གོང་ས་མཆོག་གིས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདིར་གཞི་རྩའི་བསྒྱུར་བཅོས་ཤིག་གཏོང་རྒྱུའི་དགོངས་གཞི་ཡོངས་ཁྱབ་ཏུ་སྤེལ་བ་འདིས་བོད་པའི་སྤྱི་ཚོགས་ཁྲོད་གླེང་སློང་ཆེན་པོ་ཞིག་བཟོས་ཡོད་པ་དང༌། ང་ལའང་གློག་འཕྲིན་ཁ་ཤས་འབྱོར་བྱུང་ལ། ཁ་པར་བཏང་ཡོང་སྟེ་གནད་དོན་འདིའི་ཐོག་ལ་ངའི་ལྟ་ཚུལ་ཅི་ཡིན་འདྲི་གི་འདུག   དེར་བརྟེན་ངས་༧གོང་ས་མཆོག་གི་དགོངས་གཞི་འདི་དག་ལ་རྗེས་འབྲས་ཅི་ཞིག་ཡོང་བ་ཤེས་ཆེད་དུ་འདིའི་ཐོག་བསམ་ཞིབ་བྱེད་མགོ་བཙུགས་པ་ཡིན།

      ཏཱ་ལའི་བླ་མ་འོས་འདེམས་བྱེད་རྒྱུའི་བསམ་ཚུལ་འདི་ལ་གསང་བའི་ཐབས་བྱུས་ཡོད་ངེས་ཀྱང༌། ང་ལ་འདིའི་ཐད་ལམ་སེང་ངེས་ཟིན་ཞིག་ཐོབ་པ་ནི་དེས་དཀའ་རྙོག་ཆེན་པོ་ཁག་ཅིག་སློང་ངེས་པ་དེ་རེད། འོས་གཞིའི་བུ་གུ་སྐོར་ཅིག་བདམས་ཏེ་མང་ཚོགས་ལ་འོས་བླུགས་རོགས་ཞེས་ལབ་ན་ཁྱད་མཚར་པོ་ཞིག་ཡིན་པ་སྨྲོས་ཅི་དགོས། ༧གོང་ས་མཆོག་གིས་ཀྱང་འོས་འདེམས་ཀྱི་སྐོར་གསུང་སྐབས་འདི་དང་གཅིག་མཚུངས་ཤིག་གསུང་གི་མེད་པ་ནི་ཐག་བཅད་ཆོག་གི་རེད། མང་ཚོགས་ཀྱིས་གང་འདྲ་བྱས་ནས་འོས་གཞི་བུ་གུ་ཞིག་གི་བསམ་བློའི་སྤུས་ཚད་ལ་རྒྱུ་མཚན་དང་ལྡན་པའི་ཐག་གཅོད་ལེན་ཤེས་ཀྱི་རེད། དེའི་རྐྱེན་གྱིས་ལམ་ལུགས་ཁོ་རང་ལ་ཚད་བཀག་ཐེབས་ཏེ་འོས་གཞི་དེ་མ་མཐར་ཡང་ལས་འགན་འདིའི་ཐད་ཁོ་རང་གི་བསམ་བློའི་ཤེས་ཚད་ཅི་ཡོད་ང་ཚོར་བཤད་ཐུབ་མཁན་གྱི་གཞོན་སྐྱེས་ཤིག་ཡིན་དགོས་པ་རེད་དམ། དེས་མི་ཚད་འོས་གཞི་འདི་དག་ཚང་མ་བླ་མ་རེ་ཡིན་དགོས་ཤིང༌། མ་མཐར་ཡང་ཁྱད་ཆོས་ཚང་བའི་དགེ་འདུན་པ་རེ་ཡིན་དགོས་པ་རེད། ཆ་རྐྱེན་འདིས་ཁ་ཐུག་ཏུ་དམངས་གཙོའི་ངོ་བོར་གྲུབ་པའི་འགྲོ་སྟངས་དེ་མེད་པར་བཟོས་པ་རེད། དེ་ནས་དཀའ་རྙོག་གི་དྲི་བ་ཞིག་སླེབས་པར་འགྱུར་ཏེ། འོས་གཞི་དེ་དགེ་ལུགས་པའི་གྲུབ་མཐའ་ནས་ཡོང་དགོས་པ་རེད་དམ། ཡང་ན། གྲུབ་མཐའ་གཞན་པ་དག་འདིའི་འོས་ཁོངས་སུ་འཛུལ་ཆོག་གི་རེད་དམ། ཆོག་ན་བོན་པོའི་ཆོས་བརྒྱུད་ནི་འོས་འགྲན་དེའི་ནང་ཞུགས་ཆོག་གི་རེད་དམ།

ད་དུང་གཡོལ་ཐབས་མེད་པའི་དཀའ་རྙོག་ཅིག་ཡོད་པ་ནི། ཏཱ་ལའི་བླ་མའི་འོས་གཞི་དེ་དག་བླ་མ་མཐོན་པོ་དང་རླབས་ཆེ་བའི་མི་སྣ་དག་ཡིན་དུས་ང་ཚོས་ཁོང་ཚོའི་སྐོར་ལ་གུ་ཡངས་པོ་དང་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་ཞིག་ཇི་ལྟར་བྱེད་ཐུབ། གལ་སྲིད་ཁྱོད་ཀྱིས་འོས་གཞི་གཅིག་གི་ཐོག་ལ་སྐྱོན་བརྗོད་ནན་པོ་ཞིག་བྱས་ཚེ་འོས་གཞི་དེའི་གདུལ་བྱ་དང་རྗེས་འཇུག་པ་དག་གི་དད་འདུན་ལ་ཕོག་ཐུག་གཏོང་གི་རེད་ལ། ཁོང་ཚོས་ཁྱོད་ལ་དྲག་པོའི་རྒོལ་ལན་མི་སློག་ནའང་བཙན་པོའི་གཏམ་ལན་ཞིག་ཅི་ནས་ཀྱང་ཡོང་གི་རེད། ཁྱོད་ཀྱི་སྐྱོན་བརྗོད་དེ་དྲང་པོ་དང་ཡང་དག་པ། ཐ་ན་ཀུན་སློང་ཡག་པོ་ཞིག་གི་སྒོ་ནས་སླེབས་པ་ཡིན་ནའང་དེས་ཕ་རོལ་བོ་དེ་ལ་ཁྱད་པར་ཅི་གང་འགྲོ་གི་མ་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ནང་དུ་དགེ་སློབ་ཀྱི་འབྲེལ་བའི་ཆ་རྐྱེན་གཅིག་ནི་སློབ་མ་དེ་ངེས་པར་དུ་དད་པ་དམ་ཚིག་གཙང་ཞིང་ལྷག་བསམ་རྣམ་པར་དག་པ་ཞིག་ཡིན་དགོས་པ་རེད། གལ་སྲིད་འོས་གཞི་དེ་དག་གིས་ནང་ཁུལ་ཕན་ཚུན་ལ་སྐྱོན་བརྗོད་བྱེད་མགོ་བཙུགས་པ་དང་ཕྱིར་ལན་འདེབས་ཀྱང་སེམས་ཚོར་ངེས་ཅན་ཞིག་གི་ཐོག་ནས་སླེབས་ཚེ། བླ་མ་སོ་སོའི་དད་ལྡན་མང་ཚོགས་ཀྱི་བར་དུ་རྩོད་རྙོག་སླེབས་པར་འགྱུར་ལ། དེའི་རྐྱེན་གྱིས་གྲུབ་མཐའ་ཁག་གི་བར་དུ་འཐབ་འཁྲུག་འབྱུང་རྒྱུ་ནི་ཤེས་ཐུབ་པ་ཞིག་རེད། མཐའ་མ་དེར། ང་ཚོས་འོས་གཞི་དེ་དག་གི་ཁྲོད་ནས་ཕྱིར་ཐོན་མཁན་གྱི་མི་སྣ་ཞིག་ལ་བསམ་བློ་གཏོང་ཆོག་གི་རེད། མཁྱེན་ཡོན་ཆེ་ཞིང་འཁོར་བར་མི་ཞེན་མཁན། བྱང་ཆུབ་ཀྱི་སེམས་མངའ་བའི་བླ་མ་ཞིག་ཡིན་ཚེ་ཁོང་འདི་ལྟའི་འོས་ཁོངས་སུ་མི་ཞུགས་པ་ནི་སུས་ཀྱང་ལས་སླ་བོར་རྟོགས་ཐུབ་པ་ཞིག་རེད། དེ་ལྟར་ཡང༌། སྟབས་ཉེ་བ་ཞིག་ལ། ངས་ས་སྟེང་གི་བླ་མ་མཐའ་དག་གི་མིང་གཞུང་སྒྲིག་དུས་ཁོང་ཚོའི་ཁྲོད་ན་མ་འོངས་པའི་ཏཱ་ལའི་བླ་མ་དེ་གནང་ཕྱིར་སོ་དང་སེན་མོའི་བར་དུ་འཐབ་རྩོད་མི་བྱེད་མཁན་གཅིག་ཀྱང་མི་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply