འོས་སྒམ་ནང་གི་ནོར་བུ། ཚན་པ་གཉིས་པ།

ཏྭ་ལའི་བླ་མ་གསར་པ་འོས་འདེམས།

འཇམ་དབྱངས་ནོར་བུ། ལུང་རིག་རྒྱལ་གྱིས་ཕ་ཡུལ་དྲ་རྒྱ་ནས་ཕབ་བསྒྱུར་བྱས།

 

༧གོང་ས་མཆོག་གི་དགོངས་གཞི་མཐའ་དག་ཁྲོད་ནས་ངས་དཀའ་རྙོག་ཆེ་ཤོས་སུ་མཐོང་བ་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་དུ་གནས་དགོས་མིན་གྱི་སྐོར་ལ་མང་མོས་འོས་བསྡུ་གནང་རྒྱུའི་དགོངས་ཚུལ་འདི་རེད། ང་རང་སྒེར་གྱི་ཡིད་ཆེས་ལྟར་ན། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་དུ་གནས་དགོས་པ་ཙམ་ཁོ་ན་མ་རེད། ཡང་སྲིད་ཕེབས་ཕྱོགས་ཀྱི་ལམ་ལུགས་དེའང་འགྱུར་བ་མེད་པར་གནས་དགོས་ཀྱི་འདུག  ངའི་བསམ་ཚུལ་ལ་ང་ཚོས་སྒྲིག་འཛུགས་འདི་ནི་རྟག་བརྟན་དང་བསྒྱུར་བཅོས་མི་ཆོག་པ་ཞིག་ཡིན་དགོས་པའི་ཡིད་ཆེས་དང་བསམ་ཚུལ་སྤྲོད་ཐུབ་དགོས་པ་ནི་ལྡོག་ཏུ་མེད་པའི་གལ་གནད་ཅིག་སྟེ། ལོ་རྒྱུས་དང་སེམས་ཁམས་ཐ་ན་འདུ་ཤེས་ཀྱི་ཐོག་ནས་ཀྱང་ང་ཚོས་ཅིའི་ཕྱིར་འདི་ལྟར་སྒྲུབ་དགོས་པ་བཤད་ཐུབ་པ་འདུག  ཡིན་ནའང་ད་ལྟའི་ཆར་རྒྱུ་མཚན་གལ་ཆེ་ཤོས་དེ་ནི་༧གོང་ས་མཆོག་ནི་བོད་རང་དབང་དང་རང་བཙན་གྱི་མཚོན་བྱེད་གསོན་པོ་དེ་ཡིན་ལ། འཛམ་གླིང་ཙམ་མ་ཡིན་པར། ཉིན་ནས་ཉིན་དང་ལོ་ནས་ལོར་མཐུད་དེ་རྒྱ་ནག་དམར་ཤོག་གཞུང་གི་མཚམས་འཇོག་དང་སྙིང་རྗེ་མེད་པའི་བཙན་གནོན་འོག་ན་འཚོ་གནས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་བོད་རིགས་མི་དམངས་ཀྱི་ཆེད་དུ་རེད།

  ང་ཚོས་སྟོད་མངའ་རིས་ཀྱི་ཞིང་པ་གཉོམ་ཆུང་དག་དང༌། བྱང་ཐང་གི་འབྲོག་པ་ཁེར་འཚོ་བ་དག  ཁམས་དང་ཨ་མདོ། དབུས་གཙང་བཅས་བོད་ནང་གི་མི་དམངས་དེ་དག་ལ་ཅི་ཞིག་དགོས་པ་ཤེས་གསལ་རེད། ཁོང་ཚོར་༧གོང་ས་མཆོག་གི་ཞལ་མཇལ་དང་བྱིན་རླབས་ཐོབ་རྒྱུའི་གོ་སྐབས་ཤིག་དགོས་པ་རེད། མངོན་འདོད་འདི་ནི་མི་དམངས་ཀྱི་ངོས་ནས་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་བོར་ཞིང་ཆོས་ལུགས་ཀྱི་ཚོར་བ་དང༌། ཐུན་མོང་མ་ཡིན་པ། མི་རིགས་ཀྱི་བསམ་བློ་བཅས་ནི་ངེས་པར་དུ་དྲག་པོ་དང་ཆབ་སྲིད་ཀྱི་ངོས་ནས་སླེབས་དགོས་པ་ཞིག་མིན་པར་ནམ་རྒྱུན་ལམ་ཁ་འདྲ་མིན་ནས་སྟོན་གྱི་ཡོད་ལ། ནུས་པ་དང་ཚོར་བ་ཆེ་ཤོས་ཀྱི་རིགས་ནི་ནམ་རྒྱུན་ཁ་ཐུག་མ་ཡིན་པར་མཚོན་ཐབས་ཀྱི་སྒོ་ནས་ཡོང་གི་ཡོད། ཏཱ་ལའི་བླ་མའི་ངོས་ནས་རང་ཉིད་སྤྱིར་བཏང་གི་དགེ་སློང་ཞིག་དང༌། འཛམ་གླིང་གི་དགེ་རྒན་ཞིག་ལ་གཟིགས་ཀྱི་ཡོད་རུང༌། ཁོང་གི་མི་རིགས་ཀྱི་ངོས་ནས་བཤད་ན། ཁོང་ནི་བོད་མི་རིགས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་དབང་ཞིག་ལ་རེ་བ་རྒྱག་གིན་པ་དེའི་མཚོན་བྱེད་གསོན་པོ་ཡིན། འདས་པའི་ལོ་ཤས་རིང་པེ་ཅིན་གྱིས་ཐ་ན་ཁོང་ཚོས་ཏང་གི་ལས་བྱེད་དུ་བསྐོས་པའི་བོད་རིགས་ཚོ་ལའང་དྲག་གནོན་བྱས་ཡོད་ལ། བོད་ས་ཡོངས་སུ་༧གོང་ས་མཆོག་ལ་དད་པ་བྱེད་མཁན་དང་བོད་རང་དབང་གི་རེ་བའི་རྦ་རླབས་ཤིག་མངོན་གསལ་གྱིས་བསྟན་ཡོད་པ་རེད།

   དེ་ལྟར་ཡང༌། ང་ཚོ་བོད་པ་ཚོས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཅི་ཙམ་གྱིས་གལ་ཆེན་དུ་བརྩིས་ཤིང༌། སྒྲིག་འཛུགས་འདིར་བསྒྱུར་བཅོས་མ་བྱས་པར་འདི་མུར་སྡོད་པ་ལས་ལྷག་པ་ཅིག་མཐོང་གི་མེད་པར་མ་ལྟོས་པར། ༧གོང་ས་མཆོག་གིས་སྐབས་མང་པོ་ཞིག་ལ་ཁོང་ཉིད་རྒན་ཡོལ་བྱེད་ཀྱི་ཡིན་ཅེས་གསུངས་པ་རེད། བཅའ་ཁྲིམས་ཀྱི་ངོས་ནས་བལྟས་པ་ཡིན་ན་འདིས་དཀའ་རྙོག་ཅིག་སློང་སྲིད་དེ། ཏཱ་ལའི་བླ་མ་དག་ནི་བསྐོ་འཇོག་དང་འོས་འདེམས་བྱས་ནས་ཕེབས་པ་མིན་སྟབས་ཏཱ་ལའི་བླ་མ་རྒན་ཡོལ་ཞུ་རྒྱུའི་གནད་དོན་འདི་གླེང་འོས་པ་ཞིག་མ་རེད། ཏཱ་ལའི་བླ་མའི་གནས་བབ་ནི་ཐ་ན་རྒྱལ་བོ་ཞིག་ཁྲི་འདོན་མ་བྱས་པར་དུ་རྒྱལ་བོ་དེའི་གནས་བབ་ལའང་མི་འདྲ་ཞིང༌། དེ་ལས་ལྡོག་སྟེ། ཏཱ་ལའི་བླ་མའི་མཚན་འབྲེལ་གྱི་འགན་ནི་སྐུ་ཚེ་གཅིག་གི་རིང་རེད། ཁོང་ཏཱ་ལའི་བླ་མར་འཁྲུངས་པ་རེད། ཐ་ན་ཁོང་གི་ཡང་སྤྲུལ་འཚོལ་མཁན་ཚོགས་ཆུང་གིས་ཁོང་དང་ཁོང་འཁྲུངས་སའི་གྲོང་གསེབ་དེ་མ་བརྙེད་པའི་སྔོན་ནས་ཁོང་ནི་ཏཱ་ལའི་བླ་མ་རེད། ཐ་ན་ཁོང་སྐུ་ན་ཧ་ཅང་གཞོན་དུས་ཏེ། ཡིག་འབྲི་སྦྱོང་བརྡར་གྱི་སློབ་ཚན་ཞིག་ལ་གཡོལ་རྒྱུའི་དབང་ཚད་མེད་དུས་ནས་ཁོང་ནི་ཏཱ་ལའི་བླ་མ་རེད། ཏཱ་ལའི་བླ་མ་ཡིན་ན་ཁོང་ལ་ཆབ་སྲིད་ཀྱི་དབང་ཆ་ཡོད་དགོས་པའི་ངེས་པ་མི་འདུག

 འདི་ནི་ང་རང་གིས་དེང་སྐབས་བོད་པའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་ཀྱིན་པའི་དཀའ་རྙོག་ཁག་སྟེ། ༧གོང་ས་མཆོག་རྒན་ཡོལ་དུ་བཞུགས་རྒྱུའི་ཐུགས་རེ་དང༌། ཏཱ་ལའི་བླ་མ་གསར་བ་ཞིག་འཚོལ་རྒྱུ། གཞིས་ལུས་བོད་མི་ཚོའི་མངོན་འདོད་ལྟར་སྔར་སྲོལ་གྱི་ལམ་ལུགས་རྒྱུན་འཛིན་བྱེད་རྒྱུ། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་ལ་སྟངས་འཛིན་བྱེད་པར་ཁ་གཏད་གཅོག་ཐབས། ཏཱ་ལའི་བླ་མ་མཆོག་ཕྱིར་ཁོང་གི་མི་རིགས་ཀྱི་ཆེད་དུ་ཕེབས་རག་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་ཡོང་ཐབས་བཅས་ལ་སྤྱི་ཡོངས་ཀྱི་ཐག་གཅོད་གཅིག་འདོན་ཐུབ་པ་དེ་རེད།

ཟླ་འདིའི་ཟླ་མགོར་ཐའེ་ལན་ིཌིའི་མི་དམངས་ཀྱིས་ཁོང་ཚོའི་རྒྱལ་བོ་བྷུ་མི་བྷོལ་ཨ་ཊལ་ཡ་ཊལ་རྗེ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་གྱི་ཆེད་མང་ཚོགས་ཀྱི་དུས་སྟོན་རྒྱ་ཆེན་པོ་དང་སེམས་གཏིང་གི་དད་འདུན་དང་བཅས་མཛད་སྒོ་འཚོགས་ཡོད་ལ། ཁོང་ཚོའི་བྱེད་སྟངས་དེ་ནི་བོད་མི་རིགས་ཀྱིས་༧གོང་ས་མཆོག་ལ་དད་གུས་བྱེད་སྟངས་དང་འདྲ་བོ་འདུག་ཅིང༌།  ཐའེ་མི་དམངས་ཀྱིས་རྒྱལ་བོའི་སྐུ་མདུན་དུ་ཕྱག་འཚལ་བ་དང༌། ཕྱོགས་གཉིས་ཀའི་ངོས་ན་ལྷད་མེད་ཀྱི་མཛའ་བརྩེ་འདུག་ལ། ཐའེ་མི་དམངས་ཀྱིས་རང་གི་བརྩེ་བའི་ནང་མི་ཇི་བཞིན་རྒྱལ་བོ་མཆོག་ལ་ཁོང་ཚོའི་བརྩེ་བ་བརྗོད་ཅིང༌། ཁོང་གིས་ཀྱང་རྒྱལ་ཡོངས་ལ་གསུང་བཤད་གནང་སྐབས་ཁོང་ཚོར་ཀུ་རེ་དང་རྩེད་མཚར་གྱི་སྒོ་ནས་གསུང་གིན་འདུག  ༧གོང་ས་མཆོག་དང་འདྲ་བར། རྒྱལ་བོ་ཁོང་ནི་འཇིག་རྟེན་གྱི་ཕྱོགས་ཙམ་མ་ཟད་ཆོས་ཕྱོགས་ནས་ཀྱང་དབུ་ཁྲིད་ཆེན་པོ་ཞིག་རེད།
                       

ཁོང་གི་ལོ་རྒན་དྲུག་ཅུའི་ཁྲི་རབས་རིང༌། རྒྱལ་ཁབ་གཞན་དང་འདྲ་བར་ཐའེ་ལན་ཌིས་འགྱུར་ལྡོག་གི་ཉམས་མྱོང་ཆེན་པོ་ཞིག་བརྒྱུད་ཅིང༌།  འགྱུར་ལྡོག་གཞན་དག་ཀྱང་བྱུང་བ་རེད། 

    རྒྱལ་བོ་འདིས་དམག་མིའི་གཞུང་འཛིན་རིམ་པ་༡༧ དང་སྲིད་བློན་ས་སྔ་ཕྱི་༢༦ལ་དབང་བསྒྱུར་བ་རེད། དྲག་རླུང་གི་ལོ་ཟླ་འདི་དག་ལ་ཁོང་ནི་ཐའེ་ལན་ཌིའི་ལོ་རྒྱུས་ཀྱི་ངོ་བོ་དང་ཡིད་ཆེས་ཀྱི་འབྱུང་ཁུངས་ལྟ་བུར་བཞུགས་པ་མ་ཟད། ཉིན་རེའི་ཆབ་སྲིད་དང་ཚོང་ལས་ཀྱི་སྐྱུག་བྲོ་བའི་དངོས་ཡོད་དག་གི་ཁྲོད་དུ་དྲང་བདེན་དང་གཟུར་གནས་ཀྱི་མཚོན་བྱེད་ལྟ་བུར་བཞེངས་པ་རེད།  ཁོང་གིས་ཁཱག་ར་ལྦེར་ཊིན་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བཟང་པོ་དེ་ལེགས་པར་བསྐྱངས་ཤིང་འབངས་མི་སེར་ཡོངས་ཀྱིས་འདི་ལ་ཡིད་ཆེས་དང་འདིའི་ཁྲོད་ནས་དགའ་བདེ་མྱངས་པ་རེད།  དེས་ཁོང་ལ་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་ཀྱི་འགན་དབང་ཅིག་ཕུལ་བ་རེད།  ཁོང་གིས་གསུང་བཤད་གནང་དུས་མི་དམངས་ཀྱིས་ཉན་གི་རེད་ལ། ཁོང་གི་བཀའ་སློབ་ལམ་སྟོན་གྱི་ཐོག་ལ་མང་ཚོགས་ཀྱིས་ནམ་རྒྱུན་ལག་ལེན་མ་ཐུབ་པའང་ཡོང་གི་ཡོད། ཡིན་ནའང་ཁོང་གིས་འགན་དབང་དེ་སྤྱད་ནས་ཆབ་སྲིད་ཀྱི་དཀའ་རྙོག་འགའ་རེ་ཐག་གཅོད་གནང་ཐུབ་ཡོད་པ་རེད།

རྩ་ཁྲིམས་ཀྱི་ནང་དུ་ཐའེ་རྒྱལ་སྲིད་ལ་ཕལ་ཆེར་དབང་ཤུགས་མེད་ལ། ཁྲི་འཕང་དེ་ནི་སྲིད་དོན་གྱི་དབང་ཆ་མིན།  འོན་ཀྱང༌།  རྒྱལ་བོའི་སྲོལ་རྒྱུན་དང་ཀུན་སྤྱོད་ཀྱི་འགན་དབང་བེད་སྤྱོད་གཏོང་རྒྱུའི་སྐབས་མཚམས་དེ་དུས་ཁོང་གིས་བརྟན་ལྷིང་མེད་པའི་དམག་མིའི་སྲིད་གཞུང་དང་མི་དམངས་ཀྱི་སྲིད་གཞུང་དེ་ལས་རྒྱལ་ཁབ་དེ་སྐྱོབ་གི་ཡོད། སྲིད་བློན་ཟུར་བ་ཨ་ནན་ཊུ་པན་ཡ་ར་ཆུན་གྱིས་རྒྱལ་བོ་བྷུ་མི་བྷོལ་གྱི་འགན་དབང་འདིར་དམིགས་བསལ་དབང་ཆའམ་ཆེད་སྤྱོད་དབང་ཆ་ RESERVE POWER ཞེསའགྲེལ་ཡོད་ལ།  དེ་ནི་རྒྱལ་བོའི་འགན་དབང་འདི་སྒམ་རླིང་དང་གཟབ་ནན་གྱིས་བེད་སྤྱོད་བཏང་ན་རྒྱལ་ཁབ་བརྟན་ལྷིང་ཡོང་ཐུབ་པའི་དབང་གིས་རེད། 

    ཏྭ་ལའི་བླ་མ་རྒན་ཡོལ་དུ་ཕེབས་མི་འོས་པར་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་བཞུགས་དགོས།  ཡིན་ནའང་ཁོང་གིས་རང་ཉིད་ཀྱི་མཛད་ཁུར་དེ་ཐའེ་ལན་ཌིའི་རྩ་ཁྲིམས་ནང་གི་རྒྱལ་བོའི་ནུས་པ་འདོན་སྟངས་ལྟ་བུ་ཞིག་ཏུ་བསྒྱུར་བཅོས་གནང་དགོས་པ་རེད།  འདི་ལྟར་གནང་ན་༧གོང་ས་མཆོག་གིས་སྲིད་གཞུང་གི་རྒྱུན་ལྡན་གྱི་དཀའ་རྙོག་ཁག་དང་སེམས་མི་དལ་བའི་སྲིད་དོན་གྱི་རྩོད་རྙོག་དང་འཐབ་འཛིང་གི་མཛད་ཁུར་ལྕི་མོ་དག་བཞེས་དགོས་ཀྱི་ཡོད་པ་མ་རེད། དེ་ལྟར་ཡང༌།  རྩ་ཁྲིམས་ཀྱི་ནང་དུ་མཛུབ་སྟོན་གྱི་གོ་བབ་ཅིག་བཟུང་བ་ཡིན་ན་རྒྱལ་ཁབ་ཀྱི་དཀའ་རྙོག་ཆེན་པོའི་སྐབས་སུ་འདུམ་འགྲིག་གི་ནུས་པ་འདོན་ཐུབ་གི་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply