འོས་སྒམ་ནང་གི་ནོར་བུ། ཚན་པ་གསུམ་པ།

         ཏཱ་ལའི་བླ་མ་གསར་བ་འོས་འདེམས།

འཇམ་དབྱངས་ནོར་བུ།        ལུང་རིགས་རྒྱལ་གྱིས་ཕ་ཡུལ་དྲ་རྒྱ་ནས་ཕབ་བསྒྱུར་བྱས།

༧གོང་ས་མཆོག་གི་དམངས་གཙོའི་ཐུགས་རེ་མངོན་འགྱུར་ཡོང་དགོས་ན།  ང་ཚོས་འཐུས་མི་དང་རང་དབང་དམངས་གཙོ་ཡོད་པའི་བོད་རང་བཙན་བར་དུ་སྒུག་ཐབས་ཡོད་པ་མ་རེད། ང་ཚོའི་ད་ལྟའི་བཙན་བྱོལ་བོད་གཞུང་འདི་ཚོགས་པ་སྣ་མང་གི་ལམ་ལུགས་ནས་འོས་འདེམས་ཐུབ་དགོས་པ་ལྡོག་ཏུ་མེད་པའི་གལ་གནད་ཅིག་ཡིན་པ་མ་ཟད། མི་གཅིག་ལ་འོས་ཤོག་གཅིག་གི་རྩ་དོན་སྟེང་ནས་ཡོང་དགོས་པར་འདུག  ང་ཚོའི་ད་ལྟའི་ལམ་ལུགས་འདིས་ཆོས་བརྒྱུད་ཁག་ལ་འོས་ཤོག་གཉིས་རེ་འཕེན་རྒྱུའི་ལམ་ཁ་སྤྲད་ཡོད་པ་རེད།

    དམངས་གཙོའི་ལམ་ལུགས་བརྒྱུད་དེ་ངོས་ལེན་ཐུབ་པའི་སྲོལ་རྒྱུན་གྱི་ལམ་ཁ་ཞིག་ནས་ཏྭ་ལའི་བླ་མའི་སྒྲིག་འཛུགས་འདི་རྒྱུན་འཛིན་ཐུབ་པ་ཞིག་སྐྲུན་དགོས་པ་ཙམ་ཁོ་ན་མ་ཡིན་པར། ༧གོང་ས་མཆོག་མི་བཞུགས་པའི་སྐབས་སུ་ང་ཚོར་འཕྲད་སྲིད་པའི་དཀའ་རྙོག་ཁག་སྟེ། གཞིས་ལུས་མི་དམངས་ཀྱི་རེ་བའི་སྙིང་སྟོབས་མི་ཞུམ་པ་དང༌།  བཙན་བྱོལ་སྤྱི་ཚོགས་ཁ་འཐོར་ཏུ་མི་འགྲོ་བ།  བོད་གཞུང་གི་སྒྲིག་འཛུགས་འདི་མི་འཐོར་བ་སོགས་དཀའ་རྙོག་གཞན་པ་དག་སེལ་ཕྱོགས་ཀྱི་ཐབས་ལམ་ཡང་སྐྲུན་དགོས་ཀྱི་འདུག

    གཉའ་གནོན་གྱི་འོག་ཏུ་ཡོད་པའི་བོད་མི་རིགས་ལ་མཚོན་ན།  དམངས་གཙོ་ནི་རྗེས་ཕྱོགས་རྒྱ་ནག་གི་གདུག་རྩུབ་དབང་སྒྱུར་འོག་ནས་རང་དབང་ཐོབ་རྒྱུའི་དམིགས་ཡུལ་ཙམ་དུ་མ་ཟད།  མི་རིགས་རང་ཉིད་ཀྱིས་གདམ་པའི་དྲང་བདེན་གྱི་གཞུང་ངོ་མ་ཞིག་འཛུགས་རྒྱུའི་རེ་བའང་ཡིན།  འདི་ལྟར་དམངས་གཙོ་ཡང་དག་པའི་བོད་ཅིག་འཛུགས་རྒྱུའི་དམ་བཅའ་འདི་ནི་རྒྱ་ནག་གིས་ནམ་རྒྱུན་བོད་རང་བཙན་ནི་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྩིས་རེད་ཅེས་པའི་བསྐྱར་ཟློས་ཀྱི་ཁྱབ་བསྒྲགས་དེ་ནུས་མེད་དུ་གཏོང་ཐབས་ཡག་ཤོས་ཀྱང་ཡིན། ༧གོང་ས་མཆོག་གིས་དམངས་གཙོའི་ལམ་ནས་ཁོང་འོས་འདེམས་གནང་ཕྱོགས་ཡོངས་བསྒྲགས་གནང་རྗེས་ཀྱི་བདུན་ཕྲག་གཅིག་གམ་དེའི་རྗེས་ལ་པེ་ཅིན་གྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་བྱས་ཏེ།  ཏྭ་ལའི་བླ་མས་བྲན་གཡོག་ལམ་ལུགས་རྙིང་བ་བསྐྱར་གསོ་བྱེད་རྩིས་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད། དེར་བརྟེན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་ཡང་དག་པ་ཞིག་གང་མགྱོགས་ཀྱིས་འཛུགས་ཐུབ་རྒྱུ་ནི་ཏྭ་ལའི་བླ་མས་བོད་ལ་དམངས་གཙོ་སྐྲུན་རྒྱུའི་དགོངས་གཞི་ཡང་དག་པ་དེ་བོད་མི་རིགས་ལ་ཁུངས་སྐྱེལ་བྱེད་པ་ཡིན།

    ད་ལྟའི་ཆར་བཙན་བྱོལ་བོད་གཞུང་དང༌། ལྷག་པར་དུ་གཞུང་ཞབས་ལས་བྱེད་ཚོའི་སེམས་ཤུགས་ཧ་ལས་པར་གཅོག་གིན་འདུག་ལ། ནུབ་ཕྱོགས་སུ་གཞིས་བསྐྱོད་བྱེད་ཀྱིན་པའི་ལས་བྱེད་པའི་གྲངས་འབོར་རྒྱ་ཆེ་ཞིང༌།  ཤེས་འཇོན་ཡོད་མཁན་གྱི་ཁྲོད་ནས་གཞུང་ཞབས་ལས་ཀ་བྱེད་མཁན་དཀོན་པར་སྣང༌།  བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་ཤིག་བོད་མི་ཚོ་རྒྱུ་དངོས་ཀྱི་དབང་དུ་གྱུར་ཏེ་ཨ་རིར་ཕྱིན་ཞིང་བོད་གཞུང་གི་ཆེད་དུ་ལས་ཀ་བྱེད་མཁན་མེད་པའི་སྐོར་ལ་སྡུག་ཡུས་བཏོན་པ་རེད།  རིན་པོ་ཆེས་སྐྱོན་བརྗོད་གནང་བ་དེ་ཡང་ཡོངས་སུ་ནོར་བ་ཞིག་ག་ལ་ཡིན།  བོད་མི་མང་པོ་ཞིག་ལ་རང་ཉིད་དང་སོ་སོའི་ཁྱིམ་ཚང་གི་ཆེད་དུ་ཨ་རི་དང་ཡུ་རོབ་སོགས་ནས་མི་ཚེ་ཡག་པོ་ཞིག་དགོས་ཀྱི་ཡོད་པ་རེད།  ཡིན་ནའང་འདི་ནི་བསམ་ཤེས་ཐུབ་པ་ཞིག་རེད།  ད་དུང་མི་གཞན་པ་མང་པོ་ཞིག་ལ་འདུག་འདོད་དང་སེམས་ནས་ལག་སྐྱེས་འབུལ་འདོད་ཡོད། བོད་ཀྱི་ཆབ་སྲིད་ཀྱི་སྟེང་རང་ཉིད་ཀྱི་ལག་རྗེས་འཇོག་འདོད་དམ་ཡང་ན་གཞུང་དང་སྤྱི་ཚོགས་ཀྱི་སྟེང་དོན་སྙིང་ཡོད་པའི་ལས་ཀ་རེ་སྒྲུབ་འདོད་ཡོད་པ་རེད། སྐྱོ་གར་ངོ་མ་དེ་ནི་ད་ལྟའི་ཆར་ང་ཚོའི་ཁ་འཇམ་ཁོག་གནག་དང་ཆོས་ལུགས་ཀྱིས་གཉའ་བཅག་པའི་བོད་ཀྱི་ཆབ་སྲིད་ཀྱི་རིག་གཞུང་འདིའི་ཁྲོད་དུ་འདི་ལྟའི་མི་རྣམས་ལ་ས་ཆ་ཡོད་པ་མ་རེད། དེས་མི་ཚད།  བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་གཉིས་ཀ་ཆབ་སྲིད་ཀྱི་དབང་ཆའི་སྟེང་ནས་མཐར་དེད་ཅིང་རྒྱལ་ཁབ་ཀྱི་སྲིད་བྱུས་འདིང་ཕྱོགས་སུ་དོན་དམ་གྱི་ནུས་པ་ཡོད་པ་མ་རེད། 

    བོད་པའི་སྤྱི་ཚོགས་སུ་ནམ་རྒྱུན་༧གོང་ས་མཆོག་ལ་ཆེ་བསྟོད་གནང་གིན་དུ་བོད་གཞུང་དང་ལས་བྱེད་ཚོར་སྐྱོན་བརྗོད་བྱེད་པའི་ལག་ལེན་ཚད་ལྡན་ཞིག་ཡོད་པ་རེད།  ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་གྲོགས་པོ་ཚོས་ཀྱང་འདི་གནས་ལུགས་འོས་འཚམ་ཞིག་ལ་སྤྱད་དེ་ནམ་རྒྱུན་༧གོང་ས་མཆོག་ལ་ཐད་ཀར་འབྲེལ་བ་གནང་བཞིན་འཛིན་སྐྱོང་བཀའ་ཤག་སྣང་མེད་དུ་གཏོང་གི་ཡོད།  འདི་ནི་བོད་པའི་ཆབ་སྲིད་པ་དག་དང་རང་དབང་ལྡན་པའི་ཚོགས་པ་ཁག (རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་གཞན་དག) གིས་ལོ་ངོ་དུ་མ་ཞིག་གི་རིང་ལ་བཙན་བྱོལ་བོད་གཞུང་དང་བོད་རིགས་མང་ཚོགས་ལ་ཁག་འཁུར་མ་བྱས་པར།  ༧གོང་ས་མཆོག་དང་འབྲེལ་ཆེ་ས་ནས་ཕོན་ཆེ་བའི་རོགས་དངུལ་བསྡུ་རུབ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་འཁྱེར་ཡོང་སྟེ་སྐྲུན་པ་རེད།  ལོ་ངོ་འགའ་ཤས་ཀྱི་ཡར་སྔོན་ལ་ཚོགས་པ་འདི་ལྟ་བུ་ཞིག་ནང་གི་བོད་པའི་འཛིན་སྐྱོང་བ་ཞིག་བཀའ་བློན་ལ་བསྐོ་འཇོག་བྱས་སྐབས་དང་ལེན་མ་བྱས་པའི་གནས་ཚུལ་ཀྱང་བྱུང་ཡོད་པ་རེད།  

བཙན་བྱོལ་བོད་གཞུང་ནི་འདི་ལྟར་རིམ་བཞིན་ནུས་མེད་དུ་གཏོང་གིན་ཡོད་ལ། ཐ་ན་པེ་ཅིན་གྱིས་ཀྱང་ཞི་མོལ་ཟེར་བ་དེའི་ཐོག་ལ་ལྟ་ཚུལ་འདི་སྦྱོར་ཐབས་བྱས་ཏེ།  བོད་དོན་ནི་ཏྭ་ལའི་བླ་མ་སྐུ་སྒེར་ཕྱིར་ཕེབས་ཐུབ་མིན་གྱི་གནད་དོན་ལས་གཞན་གང་ཡང་མིན་པའི་རྣམ་པ་སྟོན་ཐབས་བྱེད་ཀྱིན་ཡོད།  ཉེ་ལམ་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཞེས་སྐབས་ཨ་རིའི་གནད་ཡོད་གསུང་བཤད་གནང་མཁན་མང་པོ་ཞིག་གིས་སྐབས་དེར་ལྟ་ཚུལ་འདིའི་འོག་ནས་མངོན་གསལ་དོད་པོས་པེ་ཅིན་གྱི་མགོ་ཁྲིད་ཚོར་ཏྭ་ལའི་བླ་མ་ཕྱིར་བོད་དུ་ཕེབས་རྒྱུར་འབོད་སྐུལ་བྱས་ཡོད་ལ།  གསུང་བཤད་གནང་མཁན་གཅིག་གིས་ཐ་ན་པེ་ཅིན་གྱི་མགོ་ཁྲིད་ཚོརཏྭ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་ཏུ་འཇུག་རོགས་ཞེས་སྐུལ་འདེད་བྱས་ཡོད་པ་རེད། 

    ཝ་ཤིན་ཊོན་དུ་གསེར་གྱི་གཟེངས་རྟགས་ཕུལ་བའི་རྟེན་འབྲེལ་སྐབས་ཀྱི་ནང་དོན་གཅིག་ནི།  མཛད་སྒོའི་སྐབས་ཀྱི་མདུན་གྲལ་གྱི་ཞབས་སྟེགས་ཁག་ཅིག་ནི་བསོད་རྒྱལ་རིན་པོ་ཆེ་དང་ཉ་ར་མཁན་སྤྲུལ་སོགས་ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་གི་མགོ་ཁྲིད་ཚོར་ཕུལ་ཡོད་པར་མཐོང་ཡོད་ལ།  ལས་དོན་དེ་གོ་སྒྲིག་བྱེད་མཁན་གྲས་ཀྱི་བོད་པ་ཚོས་ཐ་ན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་མགྲོན་ཤོག་ཅིག་ཀྱང་ཕུལ་མེད།  ངས་ཤེས་ཚོད་ཡིན་ན་མཐའ་མ་དེར་གྲོས་ཚོགས་ཀྱི་མཛུབ་སྟོན་བྱས་པ་ལྟར། དུས་ཚོད་ཁ་མཚམས་དེར་མགྲོན་འབོད་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

     གལ་སྲིད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་བཀའ་ཤག་གཉིས་འདི་ལྟར་མུ་མཐུད་ཟུར་འབུད་དང་སྣང་ཆུང་བྱས་ཚེ། ༧གོང་ས་མཆོག་སྐུ་མི་བཞུགས་དུས་བཙན་བྱོལ་བོད་གཞུང་འདི་འཐོར་བཤིག་ཏུ་འགྲོ་རྒྱུ་ཉག་གཅིག་རེད། གཞུང་འདི་འཚོ་གནས་ཐུབ་པ་དང་འདིར་ཁྲིམས་མཐུན་དང་དབང་ཚད་ཐོབ་རྒྱུའི་ལམ་ཁ་ཉག་གཅིག་ནི། འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་གཞུང་འདིའི་གྲུབ་ཚུལ་དང་འཁོར་སྐྱོད་ཀྱི་ནང་ཐད་ཀའི་ཐོབ་ཆ་ཡོད་པར་ཚོར་དགོས་རྒྱུ་མ་ཟད། ཁོང་ཚོའི་མཉམ་ཞུགས་དེས་དགོས་པ་ཆེ་ཞིང་དོན་སྙིང་ཡོད་པ།  དོན་དམ་གྱི་གྲུབ་འབྲས་ཤིག་འཁྱེར་ཡོང་ཐུབ་པ་ཚོར་དགོས་པ་རེད།  འདི་ལྟའི་གྲུབ་འབྲས་ནི་ཚོགས་པ་སྣ་མང་གི་དམངས་གཙོའི་ལམ་ཁོ་ན་ནས་ཡོང་ཐུབ། ཁ་གཏད་ཚོགས་པའི་བྱེད་ལས་ཀྱི་དབང་གིས་འདི་ལྟའི་ལམ་ལུགས་ཀྱིས་བསྒྱུར་བཅོས་ཤིག་དགོས་སྐབས་ཀྱང་ཁག་འཁུར་ལེན་དགོས་པར་བཟོ་གི་རེད།  འདི་ལས་གཞན་པའི་ལམ་ལུགས་ཤིག་གིས་༧གོང་ས་མཆོག་སྐུ་མི་བཞུགས་སྐབས་བོད་མི་ཚོ་ཆིག་སྒྲིལ་བཟོ་ཐུབ་གི་མ་རེད།

    ང་ཚོས་གནས་སྟངས་འདི་ཚོ་ཡར་མར་གླེང་སྐབས།  གཞུང་གི་འཁོར་བསྐྱོད་བརྟན་པོ་ཞིག་གིས་ད་གཟོད་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ཏྭ་ལའི་བླ་མའི་ཡང་སྲིད་འཁྲུལ་བྲལ་ཞིག་ངོས་འཛིན་དང་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་བསྐོ་འཇོག་གནང་ཐུབ་པ་གསལ་བོ་རེད།  ཡང་སྤྲུལ་ངོས་འཛིན་གྱི་བཀའ་ལུང་གནང་མཁན་དང་བླ་མ་གལ་ཆེན་རིགས་ཀྱང་ཡང་སྲིད་ངོས་འཛིན་གྱི་ལས་རིམ་ནང་ཞུགས་ལོས་དགོས།  ཡིན་ནའང་འདིའི་སྤྱི་ཡོངས་དང་མཐའ་མའི་འགན་འཁྱེར་མཁན་ནི་ངེས་པར་དུ་འོས་འདེམས་བརྒྱུད་སླེབས་པའི་རྒྱལ་ཁབ་ཀྱི་གཞུང་འཛིན་དེ་ཡིན་དགོས་པ་རེད།  རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་རྗེས་ཀྱི་དེ་མོ་རིན་པོ་ཆེ་དང་སྐུ་ཕྲེང་བཅུ་གསུམ་པའི་རྗེས་ཀྱི་རྭ་སྒྲེང་དང་སྟག་བྲག་ལྟ་བུ་བླ་མས་རྒྱལ་ཚབ་གནང་བའི་ལོ་རྒྱུས་ཀྱི་ཆག་འཇིག་དེ་དག་གིས་གསལ་བོར་བསྟན་པ་ལྟར་ལམ་ཁ་གཞན་ཞིག་མི་འདུག

    ང་ཚོས་ད་དུང་སེམས་ལ་འཛིན་རྒྱུ་ཞིག་ལ་རྒྱ་ནག་གིས་ཀྱང་ཁོ་རང་ཚོའི་འོས་གཞི་འཁྱེར་ཡོང་རྒྱུ་ནི་གསལ་བོ་བཟོས་ཡོད་པ་རེད། རྙོག་དྲ་སློང་བའི་ཆེད་དུ་རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ནང་གི་བླ་མ་ཚུལ་འཆོས་པ་རྣམས་རྒྱུ་དངོས་ཀྱིས་བསླུ་བ་དང༌།  ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་གི་ནང་དུའང་རྒྱལ་བའི་ཡང་སྲིད་ཀྱི་འོས་གཞི་འདོན་རྒྱུ་བརྒྱུད་སྐུལ་བྱེད་སྲིད་པ་རེད།  འདི་ལྟར་ངེས་པ་མེད་ཅིང་དཀའ་རྙོག་ཆེ་བའི་གནས་སྟངས་ཤིག་ཏུ།  ང་ཚོར་རང་གི་ཆོས་ལུགས་དང་རྩ་ཆེའི་སྒྲིག་འཛུགས་ལ་ཚུར་རྒོལ་བྱེད་མཁན་དག་ལ་ཆིག་སྒྲིལ་གྱིས་གདོང་ལེན་བྱེད་པ་དང་༧གོང་ས་སྐུ་ཕྲེང་ལྔ་བ་མཆོག་བདེ་འཇགས་ངང་ཁོང་གི་མི་རིགས་ཀྱི་ཆེད་དུ་ཕྱིར་ཕེབས་པར་ངེས་ཤེས་འདྲོངས་ཐུབ་མཁན་གྱི་དམངས་གཙོའི་སྲིད་གཞུང་བརྟན་པོ་དང་དོགས་པ་མེད་པ་ཞིག་དགོས་པ་ནི་གནད་དམ་པ་དེ་རེད།  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply