མྱ་ངན་འོག་གི་སྐུའི་འཁྲུངས་སྐར་སྲུང་གཙི།

༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྔ་ཉིན་དེར་ཁོང་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ནས་ཕྱིར་ཕེབས་ཏེ། བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པའི་སྐོར་སྙན་གསན་ཞུས་ཡོད་ལ། གྲུབ་འབྲས་གང་ཡང་བྱུང་མེད་པའི་འབྲེལ་མོལ་ཐེངས་བདུན་པས་དགུང་གྲངས་ ༧༣ ལ་ཕེབས་པའི་༧གོང་ས་མཆོག་གི་འཁྲུངས་སྐར་ལ་སྤྲོ་སྣང་ཞིག་འདྲེན་ཐུབ་མེད་པའི་ཁར་ཁོང་ཉིད་ཐུགས་ཕམ་བྱུང་བྱུང་ཅེས་གསུངས་ཡོད་པ་རེད། ཁོང་གི་འཁྲུངས་སྐར་ཉིན་སྔོན་ནས་དོགས་གཞི་ཡོད་པ་ལྟར་འབྲེལ་མོལ་ཐེངས་བདུན་པ་ང་ཚོའི་རེ་འདོད་དང་མཐུན་པ་ཞིག་གཏན་ནས་མ་བྱུང་བའི་ཁར། རྒྱ་གཞུང་ནས་ཕྱོགས་གཅིག་གི་གསལ་བསྒྲགས་རང་འདོད་ཁོ་ན་བརྗོད་པ་དེར་བློ་ཕམ་ཚད་མེད་བྱུང་ཞིང་། རྒྱ་ནག་གི་དབུ་ཁྲིད་རྣམ་པར་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་ཐབས་གནང་རྒྱུའི་ལྷག་བསམ་དང་ཆོད་སེམས་ཡོད་མེད་ལ་ཐེ་ཚོམ་སྔར་ལས་ཆེ་བར་གྱུར་ཡོད་ཅེས་བཀའ་ཤག་གིས་བརྗོད་ཡོད།

ཕྱི་ཚེས་ ༦ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས། ཆེས་མཐོའི་ཁྲིམས་ཞིབ་པ་དང་གཞུང་ཞབས་ལས་བྱེད། གྲྭ་བཙུན་དང་མི་མང་བཅས་ཀྱིས་༧གོང་ས་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་ནའང་། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བོད་ས་སྟོད་སྨད་བར་གསུམ་གྱི་གཞུས་ལུས་སྤུན་ཟླ་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ། བོད་མི་ཉིས་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་། ཆིག་སྟོང་ལྷག་ལ་རྨས་སྐྱོན། ༥༩༧༢ འཛིན་བཟུང་བྱས་ཡོད་པས་ཤི་བོར་མྱ་ངན་དང་། གསོན་པར་གདུང་སེམས་མཉམ་སྐྱེད་ཆེད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དེ་འཆར་ཅན་ལྟར་གཞས་ཞབས་བྲོ་དང་། སྤྲོ་སྐྱིད་ཀྱི་རྣམ་པ་མེད་པར་སྟབས་བདེའེ་ངང་འཚོགས་ཡོད།

བོད་དེར་བོད་གཞུང་འཛིན་སྐྱོང་བཀའ་ཤག་གིས་སྔ་ལོའི་སྐུའི་འཁྲུངས་སྐར་ཉིན་བཀའ་ཤག་སྐབས་བཅུ་གསུམ་པས་གཞིས་བྱེས་བོད་མི་ཡོངས་ལ་སྤྱི་མཐུན་བསོད་ནམས་གོང་འཐོར་སྤེལ་དགོས་པ་དང་། འཚེ་མེད་ཞི་བའི་ནུས་སྟོབས་སྤེལ་དགོས་པ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ལོ་གྲངས་བརྒྱ་ཕྲག་འགོར་ཡང་སྒྱིད་ལུག་དང་ཞུམ་པ་མེད་པ། ལྷག་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་སྒྲུབ་ནུས་པའི་སྒྲུབ་ཕྱོགས་ཀྱི་ལས་རིམ་བཅུ་གཅིག་སྙན་སྒྲོན་ཞུས་ཡོད་པར་ལོ་འདིར་ཡང་བསྐྱར་དུ་དྲན་སྐུལ་བྱས་ཡོད། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲང་བདེན་མིན་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་ལུས་སྲོག་བློས་གཏོང་གིས་ངོ་རྒོལ་ཤུགས་ཆེ་བྱས་པ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་ཆིག་སྒྲིལ། བོད་མིའི་འཐབ་རྩོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་ཡིན་པ་བཅས་ཀྱི་མཚོན་རྟགས་ཟབ་ཏུ་མེད་པ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་སྟོན་དང་། དེར་བརྟེན་ནས་དྲང་བདེན་དང་ཞི་བདེར་དགའ་བའི་གཞུང་མང་ཡོངས་ནས་གདུང་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་ནི་བློ་སྤོབས་བྱ་ཡུལ་ཞིག་ཡིན་པས་ད་རེབ་སླར་ཡང་གཞིས་བཞུགས་བོད་མི་ཡོངས་ལ་ལེགས་གསོའི་བསྔགས་བརྗོད་ཡོད།

བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་བསམ་བརྗོད་ལས་འདས་པའི་དྲག་གནོན་གྱིས་བསད་རྡུང་རྨས་གསུམ་དང་། འཛིན་བཟུང་གོད་ཆགས་བོད་མི་སྟོང་ཕྲག་མང་བོར་ཕོག་པ་ནི་ཧ་ཅང་གི་བློ་ཕམ་བྱ་ཡུལ་ཞིག་ཡིན་པ་མ་ཟད། ད་དུང་འབྱུང་འགྱུར་བོད་མི་རྣམས་ཀྱི་ལས་དབང་ཇི་འདྲ་ཞིག་ཡོང་རྒྱུར་ང་ཚོ་ཧ་ཅང་བློ་ཕམ་ཡོད་པས། རྒྱལ་སྤྱིའི་གཞུང་མང་ཡོངས་ལ་གཞིས་བཞུགས་བོད་མི་རྣམས་ཀྱི་ཐོག་རྒྱབ་སྐྱོར་སྔར་བཞིན་རྒྱུན་མཐུད་ཀྱིས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་གོ་བསྐོན་དང་སྐུལ་ལྕག་མུ་མཐུད་གནང་དགོས་པའི་རེ་འབུལ་ཞུས་ཡོད་ལ། བོད་ནང་ཛ་དྲག་གི་གནས་ཚུལ་ཚབས་ཆེ་ཡོད་སྐབས་༧གོང་ས་མཆོག་གིས་ཧུ་ཅིན་ཐའོར་བཀའ་ཡིག་ཆེད་སྩལ་དང་། ཟླ་ ༥ ཚེས་ ༤ ཉིན་ཧྲན་ཊེན་དུ་སྐུ་ཚབ་ཆེད་གཉེར་གྱིས་འབྲེལ་ཡོད་རྒྱ་གཞུང་ལས་བྱེད་རྣམས་དང་ནང་མོལ་གྱི་ལམ་ནས་བོད་ཛ་དྲག་གནས་བབ་ལས་སྐྱོབ་ཐབས་གནང་ཡོད་པ་མ་ཟད། སྐབས་དེར་མོས་མཐུན་བྱུང་བ་ལྟར་བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་ཚེས་ ༡ དང་ ༢ ཉིན་གཉིས་རིང་པེ་ཅིན་དུ་གནང་ཡོད། འོན་ཀྱང་བློ་ཕམ་བྱ་འོས་པ་ཞིག་ལ་སྔོན་ནས་དོགས་གཞི་ཡོད་པ་ལྟར་འབྲེལ་མོལ་ཐེངས་བདུན་པ་ང་ཚོའི་རེ་འདོད་དང་མཐུན་པ་ཞིག་གཏན་ནས་མ་བྱུང་བའི་ཁར། རྒྱ་གཞུང་ནས་ཕྱོགས་གཅིག་གི་གསལ་བསྒྲགས་རང་འདོད་ཁོ་ན་བརྗོད་པ་དེར་བློ་ཕམ་ཚད་མེད་བྱུང་ཞིང་། རྒྱ་ནག་གི་དབུ་ཁྲིད་རྣམ་པར་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་ཐབས་གནང་རྒྱུའི་ལྷག་བསམ་དང་ཆོད་སེམས་ཡོད་མེད་ལ་ཐོ་ཚོམ་སྔར་ལས་ཆེ་བར་གྱུར།

༧གོང་ས་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པར་བརྟེན། འཚེ་བའི་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མོས་གནང་གི་མེད་ལ། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་པའི་ཐོག པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་བཞིན་པའང་ཡོངས་གྲགས་ཡིན་པས་ཁོང་ལ་ཁ་བྲལ་བ་དང་འཚེ་བ། ཨོ་ལིམ་པིག་རྩེད་འགྲན་ལ་གནོད་སྐྱོན་གཏོང་རྒྱུའི་ལས་དོན་མཚམས་འཇོག་དགོས་པའམ་དེ་དག་ལ་རྒྱབ་སྐྱོར་མི་གནང་བའི་འབོད་ཚིག་བསྒྲགས་པ་ནི་ཤེས་པ་རྣལ་དུ་གནས་པའི་གང་ཟག་གིས་བཤད་པའི་གཏམ་ཞིག་མིན་སྟབས་ལན་འདེབས་དང་འགྲེལ་བརྗོད་བྱ་འོས་མ་མཐོང་། ༧གོང་ས་མཆོག་གི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་ཕྱི་གསལ་ནང་གསལ་འགྱུར་མེད་རྒྱུན་གནས་ཡིན། དབུ་མའི་ལམ་གྱི་ཡང་དག་པའི་སྲིད་བྱུས་འོག་ཁ་བྲལ་མི་རྩོད་པ་དང་འཚེ་བ་མི་བྱེད་པ། གོ་སྐབས་དང་བསྟུན་ཏེ་འབྲེལ་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་དམ་བཅའ་གསུམ་པོ་ནི་འགྱུར་མེད་རྒྱུན་འཁྱོང་བྱ་རྒྱུ་ཡིན།

༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་དོན་འགྲིགས་འཇག་ཡོང་ཆེད་ཞི་མོལ་གྱི་ལས་རིམ་དང་དེའི་ཁོར་ཡུག་བསྐྲུན་རྒྱུ་བཅས་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཚད་མེད་བྱས་པ་མ་ཟད། བོད་ནང་ལྷིང་འཇགས་མེད་པའི་གནས་ཚུལ་ཚབས་ཆེའི་སྐབས་སུའང་བརྟན་ལྷིང་བསྐྱར་གསོ་ཡོང་ཐབས་དང་། གཞིས་ལུས་བོད་མིའི་སྡུག་བསྔལ་སེལ་ཐབས་ཆེད་འབད་བརྩོན་ཤུགས་ཆེ་ཞུས་ཡོད། ད་རེབ་འབྲེལ་མོལ་ཐེངས་བདུན་པའི་སྐབས་སུ་འདི་ལོའི་ཕྱི་ཟླ་ ༡༠ ཟླ་མཇུག་ཚུན་འབྲེལ་མོལ་ཐེངས་བརྒྱད་པ་གནང་རྒྱ་དང་། སྐབས་དེར་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་བོད་དུ་ལག་བསྟར་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་མོས་མཐུན་བྱུང་བ་ནི་ད་ལྟའི་གནས་སྐབས་སུ་བཟང་ཕྱོགས་ཀྱི་གོམ་བགྲོད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་གཏམ་བཤད་ཙམ་མིན་པར་མཛད་ཕྱོགས་ལ་གཞིགས་སྟེ་འབྲེལ་མོལ་རྗེས་མའི་གོ་སྒྲིག་བྱེད་རྒྱུ་ཡིན།

བོད་རྒྱའི་འབྲེལ་ལམ་གྱི་གླེང་གཞི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནས་ཚུལ་ཁོ་ན་ཡིན་པས། དེ་དག་གི་སྐོར་རྒྱ་ནག་ལ་འབྲེལ་མོལ་ཞུ་དགོས་པའི་དོན་གནད་སྣེ་གཅིག་མེད་ཅེས་ཚིག་ཐག་ཆོད་པོས་བསྐྱར་བརྗོད་བྱ་རྒྱུ་ཡིན་ཞེས་གསལ་ཡོད་ལ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་གྲོས་མོལ་ཐེངས་བདུན་པ་འགྲོ་བཞིན་པའི་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའི་ཀྲང་ཆིས་ལིས་བོད་ས་རྒྱ་ཁྱབ་ཀྱི་ཞི་རྒོལ་བྱུང་རྐྱེན་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ནོར་བ་ཁས་ལེན་རྒྱའི་ཚབ་ཏུ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བརྒྱུད་སྐུལ་ཡིན་ལུགས་བཅོས་མའི་སྒྲགས་གཏམ་སྤེལ་བར་སྐྱོན་བརྗོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་སྔ་དོར་དུ་མི་རུང་བའི་རིན་ཐང་ཅན་གྱི་བཀའ་སློབ་སྔ་ཕྱི་ཕེབས་པ་རྣམས་ཧ་ཅང་གལ་ཆེ་གཟིགས་ཏེ་ད་བར་དོལ་རྒྱལ་གནད་དོན་ཐོག་གྲོས་ཚོགས་སུ་གྲོས་ཆོད་རིམ་པ་གསུམ་བཞག་ཟིན་པ་ལྟར་རིང་མིན་ཕྱོགས་སྒྲིག་བྱས་ཏེ་འགྲེམས་སྤེལ་ཞུ་རྒྱུར་ཚང་མས་ཕྱག་ལེན་དོན་འཁྱོལ་དགོས་པའི་འབོད་སྐུལ་ཞུ་གི་ཡིན་ཞེས་གསུངས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply