རྒྱ་ནག་སྐོར་གྱི་རྒྱུན་ཤེས་བརྒྱ་ཐམ་པ། ཚན་པ་དང་པོ།

གཅིག མི་འབོར་མང་བ་ནི་རྒྱ་ནག་ཡར་རྒྱས་སུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་ཡིན་ནམ།
རྒྱལ་ཁབ་མང་པོ་ཞིག་གི་ཉམས་མྱོང་ལས་ཤེས་པ་ནི་མི་འབོར་མང་བ་དེ་དཔལ་འབྱོར་ཡར་ རྒྱས་སུ་འགྲོ་བའི་འགག་རྡོ་མིན་པར། དེ་ལས་ལྡོག་སྟེ་མི་འབོར་ཉུང་བ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བར་བཀག་རྒྱར་འགྲོ་ སྲིད་པ་རེད། དཔེར་ན། སྔོན་གྱི་ཤར་ནུབ་འཇར་མན་རྒྱལ་ཁབ་གཉིས་ལ་མཚོན་ན་ནུབ་འཇར་མན་གྱི་མི་འབོར་ཏེ་ ཤར་འཇར་མན་གྱི་ལྡབ་གཉིས་དང་ཕྱེད་ཀ་ཡིན་ལ། དེང་གི་ལྷོ་བྱང་ཀོ་རི་ཡ་གཉིས་ལ་མཚོན་ན་ལྷོ་ཀོ་རི་ཡའི་མི་འབོར་ནི་བྱང་ཀོ་རི་ ཡའི་ལྡབ་གཉིས་དང་ཕྱེད་ཀ་ཡིན། རྒྱལ་ཁབ་གཉིས་བར་དཔལ་འབྱོར་གྱི་བར་ཁྱད་ཆེ་བ་ནི་ནུབ་འཇར་མན་དང་ལྷོ་ཀོ་རི་ ཡའི་ལམ་ལུགས་ཕུལ་དུ་བྱུང་བ་ཡིན་པ་མ་ཟད་ད་དུང་ཁོ་ཚོའི་མི་འབོར་མང་བའི་སྟོབས་ ལ་ཡང་རག་ལས་ཡོད་པ་རེད། ཨ་རི་དང་ཁེ་ན་ཌ་གཉིས་ལ་མཚོན་ན་ཨ་རིའི་མི་འབོར་ནི་ཁེ་ན་ཌའི་མི་འབོར་གྱི་ལྡབ་ བཅུ་ཡིན། ཞང་ཀང་དང་ཨོ་མིན་གཉིས་ལ་མཚོན་ན་ཞང་ཀང་གི་མི་འབོར་ནི་ཨོ་མིན་མི་འབོར་གྱི་ ལྡབ་བཅོ་ལྔ་ཡིན་པ་སོགས། ཁོར་ཡུག་གི་ཆ་རྐྱེན་འདྲ་མཚུངས་ཡིན་ན་ཡང་མི་འབོར་གྱི་མང་ཉུང་ལས་དཔལ་འབྱོར་ གྱི་སྟོབས་ཤུགས་ཆེ་ཆུང་གི་བར་ཁྱད་ཕྱེས་ཡོད། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེ་བའི་རྒྱལ་ཁབ་གསུམ་ཡང་མི་འབོར་ཉུང་བའི་རྒྱལ་ ཁབ་མིན་སྟེ། ཨ་རིའི་མི་འབོར་འདུས་ཚད་རན་པ་དང༌། ཉི་ཧོང་དང་འཇར་མན་གྱི་མི་འབོར་འདུས་ཚད་ཆེ་བ་དང་མི་འབོར་འདུས་ཚད་རྒྱ་མི་ལས་ བརྒལ་ཡོད། ཉེ་བའི་ལོ་བཅུའི་རིང་འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་གཉིས་ཏེ་རྒྱ་དཀར་ནག་གཉིས་ ཀྱི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་མི་ འབོར་ཡིན་ལ། མི་འབོར་མང་བ་དང་ངལ་རྩོལ་གྱི་རིན་གོང་ཆུང་བ་ནི་རྒྱལ་ཁབ་འདི་གཉིས་ཀྱི་དཔལ་ འབྱོར་ཡར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

རྒྱ་ནག་ཏུ། ཤར་ཕྱོགས་ས་ཁུལ་དེ་ནུབ་ཕྱོགས་ས་ཁུལ་ལས་དར་རྒྱས་ཆེ་བ་དང༌། ཤར་ནུབ་ས་ཁུལ་བར་ཁྱད་པར་ཆེ་བ་ཡང་གཙོ་བོ་མི་འབོར་མང་ཉུང་གི་བར་ཁྱད་ལས་བྱུང་ བ་དང༌། ཤར་ཁུལ་དུ་མི་འབོར་མང་ཞིང་མི་འབོར་འདུས་ཚད་ཆེ་བ་དང་ནུབ་ཁུལ་དུ་མི་འབོར་ཉུང་ ཞིང་མི་འབོར་འདུས་ཚད་ཆུང་། བོད་ལ་མཚོན་ན་ཡང་མི་འབོར་ཉུང་ཞིང་མི་འབོར་འདུས་ཚད་ཆུང་བ་ནི་ཡར་རྒྱས་སུ་ འགྲོ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་རེད། གོང་གི་དཔེ་མཚོན་དེ་དག་གིས་མི་འབོར་མང་བ་ནི་དཔལ་འབྱོར་ལ་ཁེ་ཕན་མེད་པ་མིན་ པའི་བདེན་དཔང་བྱེད་ཐུབ། དེའི་ཕྱིར་མི་འབོར་མང་བའི་ཡར་རྒྱས་འགྲོ་དཀའ་བ་དང་ག་ལེར་ཡོང་ཆོག་ཟེར་བའི་ རྒྱུ་མཚན་ནི་འཇོན་ཐང་མེད་པ་དང་རུལ་སུངས་སུ་གྱུར་བའི་དེང་གི་གཞུང་འཛིན་པའི་ འགན་ཁུར་ལས་གཞོལ་ཆེད་ཁ་གཡར་ས་ཞིག་རེད།

གཉིས་བ། རྒྱ་ནག་ལ་མི་འབོར་མང་བའི་དམངས་གཙོ་འཚམ་པོ་མེད་པ་ཡིན་ནམ།
འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ནི་མི་འབོར་མང་ཞིང་མི་འབོར་ འདུས་ཚད་ཆེ་བའི་རྒྱལ་ཁབ་ཡིན། དཔེར་ན། རྒྱ་གར་དང༌ཉི་ཧོང༌། འཇར་མན། ཀོ་རི་ཡ། ཨེན་ཊོ་ནེ་ཞི་ཡ། བྷུར་ཛལ་སོགས་ཡོད། རྒྱ་དཀར་ནག་གཉིས་ལ་མཚོན་ན། རྒྱ་གར་ལ་མི་འབོར་ཐེར་འབུམ་བཅུ་དང་རྒྱ་ནག་ལ་ཐེར་འབུམ་བཅུ་གསུམ་ཡོད། རྒྱ་གར་གྱི་ས་ཁྱོན་ནི་རྒྱ་ནག་གི་སུམ་ཆའི་གཅིག་ཡིན་པས་མི་འབོར་འདུས་ཚད་ནི་ རྒྱ་ནག་ལས་ཤིན་ཏུ་ཆེ། རྒྱ་གར་ལ་མི་འབོར་མང་ཞིང་འདུས་ཚད་ཆེ་བ་དང་ཆོས་ལུགས་དང་གྲུང་མཐའ་མང་པ། སྤྱི་ཚོགས་རྙོག་འཛིང་ཆེ་བས་གལ་སྲིད་མང་གཙོ་ལམ་ལུགས་མེད་ཚེ་རྙོག་དྲ་དང་འགལ་ ཟླ་ཅི་འདྲའི་མང་པོ་ཞིག་འབྱུང་ངེས་པར་ཚོད་དཔག་དཀའ་བ་དང་དེ་སེལ་ཐུབ་དཀའ་བ་ ཞིག་ཀྱང་རེད། སྤྱིར་བཏང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་དེ་སྔོན་ཆད་དལ་ན་ཡང་སྤྱི་ཚོགས་ ཤིན་ཏུ་འཆམ་མཐུན་ཡིན། ཆབ་སྲིད་མང་གཙོ་དང་སྤྱི་ཚོགས་འཆམ་མཐུན་ཡིན་པའི་རྨང་གཞི་ལ་བརྟེན་ནས་དེ་རིང་ གི་རྒྱ་གར་གྱི་དཔལ་འབྱོར་འཕུར་བསྐྱོད་ཀྱི་མགོ་བཙུགས་པ་དང་མདུན་ལམ་ནི་དཔག་ ཏུ་མེད་པ་ཞིག་རེད།

གཟབ་ནན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་བརྗོད་ན། འཛམ་གླིང་སྟེང་ཡོངས་ཁྱབ་ཀྱིས་འོས་འདེམས་དང་གསར་འགོད་རང་དབང་གཙོ་བོར་བྱས་ པའི་མང་གཙོ་རྒྱལ་ཁབ་ཨ་རི་དང་དབྱིན་ཇི་གཉིས་ལས་མེད། དུས་རབས་ཕྱེད་ཀའི་རྗེས་མང་གཙོ་རྒྱལ་ཁབ་ ༡༠༢ ལ་འཕེལ་བ་དང༌། འཛམ་གླིང་རྒྱལ་ཁབ་སྤྱིའི་སུམ་ཆ་གཉིས་ཟིན་ཡོད། མང་གཙོའི་རྒྱལ་ཁབ་འདི་དག་གི་ཁྲོད་མི་འབོར་མང་བ་ཡོད་ལ་མི་འབོར་ཉུང་བ་ཡང་ཡོད། དོན་དངོས་ཀྱིས་བདེན་དཔང་བྱེད་པ་ནི་མི་འབོར་མང་ཉུང་གིས་མང་གཙོ་འཚམ་པོ་ཡོད་ མེད་གྱི་ཚད་གཞི་འཛིན་ཐུབ་ཀྱི་མེད་པ་རེད།

གསུམ། རྒྱ་ནག་གི་མིའི་ཤེས་ཚད་དམའ་བོ་ཡོད་དམ།
རྒྱ་ནག་ལ་མི་ལོ་ལྔ་སྟོང་རིང་གི་དཔལ་ཡོན་ལྡན་པའི་ལོ་རྒྱུས་ཡོད་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་དུས་སྐབས་མང་པོ་ཞིག་ལ་རིག་གཞུང་དང༌། དཔལ་འབྱོར། ཆབ་སྲིད། ཚན་རིག་སོགས་ཁྱབ་ཁོངས་མང་པོ་ཞིག་གིས་འཛམ་གླིང་གི་སྔོན་ཐོན་གོ་གནས་བཟུང་ཡོད། རྒྱ་ནག་མི་རིགས་ཀྱི་ཤེས་རབ་དང༌། བརྩོན་འགྲུས། སྙིང་རྗེ། བཟོད་སྒོམ་བཅས་ཀྱིས་ཁྱད་དུ་འཕགས་པ་དང་མཚར་སྡུག་ལྡན་པའི་ཤར་ཕྱོགས་རིག་གནས་ གསར་བསྐྲུན་བྱས་ཏེ་འཛམ་གླིང་གི་ཡང་རྩེ་རུ་འགྲེངས་ཡོད། འདི་ལྟ་བུའི་གསར་སྐྲུན་གྱི་སྟོབས་ཤུགས་དང་རིག་གཞུང་གི་ཤུགས་རྐྱེན་ཆེ་བའི་ རྒྱ་ནག་མི་རིགས་ནི་མི་རིགས་ཐ་ཤལ་ཞིག་ཡིན་མི་སྲིད་ལ། རྒྱ་ནག་མི་རིགས་ཀྱི་ཤེས་ཡོན་ཆུ་ཚད་དེ་ཡང་མི་རིགས་གཞན་ལས་ཞན་པ་ཡོད་མི་སྲིད་ པ་རེད། དུས་རབས་ཕྱེད་ཀའི་རིང་དམར་ཤོག་གིས་དབང་བསྒྱུར་ཏེ་ཁྲིམས་མེད་ལུགས་མེད་བྱས་པ་ དང་ཐེངས་རེ་རེར་འཛམ་གླིང་གི་དཔལ་ཡོན་དང་རྒྱབ་འགལ་ལ་ཕྱོགས་པས་རྒྱ་ནག་གི་ སྤྱི་ཚོགས་དང༌། དཔལ་འབྱོར། རིག་གཞུང༌། རིག་དངོས། ཁོར་ཡུག་སོགས་ལ་རྩ་མེད་རང་བཞིན་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང༌། རྒྱ་ནག་དང་དཔལ་ཡོན་ལྡན་པའི་འཛམ་གླིང་གི་བར་ཐག་ཇེ་རིང་དུ་བཏང་ཡོད། དེ་དང་ལྷན་ཏུ་དམར་ཕྱོགས་ཀྱིས་རང་འདོད་ལྟར་གཞུང་ལུགས་ལ་དམའ་འབེབས་དང་སྲོལ་ རྒྱུན་གོམས་གཤིས་རྡོག་བརྫིས་བཏང་བས་རྒྱ་མིའི་ཀུན་སྤྱོད་ཚད་གཞི་ཇེ་སྡུག་ཏུ་ གྱུར། དེར་བརྟེན་རྒྱ་མིའི་ཤེས་ཡོན་ཆུ་ཚད་དམའ་བའི་འཁྲུལ་སྣང་བསྐྲུན་པ་རེད། ཡིན་ན་ཡང་སྐབས་རེར་རྒྱལ་ཁབ་ཕྱི་ནང་དུ་མང་གཙོ་བཅོས་བསྒྱུར་དགོས་པའི་འབོད་ སྒྲ་བསྒྲགས་ཚེ་དམར་ཤོག་གིས་ཤེས་ཡོན་ཅན་བེད་སྤྱད་དེ་རྒྱ་ནག་གི་མིའི་ཤེས་ཚད་ ཤིན་ཏུ་དམའ་བའི་མང་གཙོ་ཅན་ཏུ་གྱུར་བར་འཚམ་པོ་མེད་པར་བརྗོད་ཀྱི་ཡོད།

འཛམ་གླིང་ཡོངས་སུ་བལྟས་ཚེ་རྒྱ་ནག་སྐམ་ས་ཆེན་པོ་ལས་གཞན་རྒྱ་རིགས་འདུས་སྡོད་བྱས་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་ཐེ་ཝན་དང༌། ཞང་ཀང༌། ཨོ་མིན། ཞིན་ཅ་པོ་བཅས་ཡོད་ལ། ས་ཁུལ་འདི་དག་གི་དཔལ་འབྱོར་ཤིན་ཏུ་དར་རྒྱས་ཆེ་བ་དང༌། ཐེ་ཝན་ལ་མང་གཙོ་ལྡན་པ་དང༌། ཞང་ཀང་ལ་ཚད་མཐོ་བའི་རང་དབང་ཡོད། ཨོ་མིན་དང་ཞིན་ཅ་པོ་ལ་ཡང་མང་གཙོ་དང་རང་དབང་ཚད་ངེས་ཅན་ཞིག་ཡོད། ས་ཁུལ་འདི་དག་གི་རྒྱ་མིའི་ཤེས་ཚད་དེ་མི་རིགས་གཞན་ལས་ཞན་མི་སྲིད་པ་ནི་མི་ སུའང་དོགས་པ་སྐྱེས་མི་དགོས་པ་ཞིག་རེད། རྒྱ་ནག་གི་མིའི་ཤེས་ཚད་ཞན་པར་སྐྱོན་འཛུགས་དང་དེ་རྒྱུ་མཚན་ཏུ་དྲངས་ནས་རྒྱ་ ནག་གི་མིས་མང་གཙོ་ལོངས་སུ་སྤྱོད་པར་འོས་འཚམ་མེད་པར་བརྗོད་པ་ནི། རྒྱ་ནག་གི་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་ཚབས་ཆེན་བྱས་པ་ཞིག་རེད། རྒྱ་གར་དང༌། ཐེ་ལན་ཌི། ཧྥེ་ལིས་ཕིན། ཧིན་རྡུ་ནེ་ཞི་ཡ། ཅེ་པུ་ཊེ། ཨབ་གྷན། གྷི་ལི་ཅུ་ཡ། ཧེ་དུས། ཉི་རི་ལི་ཡ་སོགས་རྒྱལ་ཁབ་དང་གླིང་ཕྲན་སོ་སོའི་མི་མང་གིས་བློ་བདེ་བག་ཕེབས་ ངང་མང་གཙོའི་ལམ་ལུགས་ལོངས་སུ་སྤྱོད་བཞིན་པའི་དེ་རིང༌། རྒྱ་ནག་མི་མང་ཡང་དཔེ་དེ་ལས་གཞན་ཏུ་གྱུར་བའི་རྒྱུ་མཚན་མེད་པ་རེད།

བཞི་བ། ནུབ་ཕྱོགས་མང་གཙོ་དེ་རྒྱ་ནག་ལ་འཚམ་པོ་མེད་དམ།
ཁ་ཤས་ཤིག་གིས་རང་དབང་རིང་ལུགས་དང་དམར་ཤོག་རིང་ལུགས་དབྱེ་བ་འབྱེད་རྒྱུ་གོམས་ ཡོད་པ་དང༌། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་བསྡུར་རྒྱུ་ཡང་གོམས་ཡོད། སྤྱིར་བཏང་འཛམ་གླིང་འདིའི་སྟེང་མངོན་གསལ་ཆེ་ཞིང་དོན་སྙིང་ལྡན་པའི་དབྱེ་ འབྱེད་དང་བསྡུར་རིན་ཡོད་པ་ནི་མང་གཙོ་དང་དབང་ཆ་གཅིག་སྡུད་ཡིན། ཁ་ཤས་ཀྱིས་མང་གཙོ་དང་དབང་ཆ་གཅིག་སྡུད་དེ་ནུབ་ཕྱོགས་དང་ཤར་ཕྱོགས་སུ་ཕྱེ་བས། རྒྱ་ནག་དམར་ཤོག་གིས་ནུབ་ཕྱོགས་མང་གཙོའི་ལམ་ལུགས་དེ་རྒྱ་ནག་ལ་འཚམ་པོ་མེད་པར་ བརྗོད་དེ་མང་གཙོ་ངོས་ལེན་བྱེད་ཀྱི་མེད།

ཡིན་ན་ཡང་རྒྱ་ནག་དམར་ཤོག་རང་ཉིད་ནུབ་ཕྱོགས་ལ་དཔེ་བླངས་བའི་མར་ཁེ་སི་རིང་ ལུགས་ཡིན། སྤྱིར་བཏང་དབང་ཆ་གཅིག་སྡུད་ཀྱི་དོན་སྙིང་གོ་སླ་སྟེ་དབང་འཛིན་པས། སྒེར་གྱིས་ཐག་གཅོད་དང་སྒེར་གྱིས་ལག་བསྟར་བྱེད་པ། ལྟ་བ་མི་མཐུན་པའི་མི་ལ་དྲག་གནོད་དང་སྡུག་པོ་གཏོང་རྒྱུ་དེ་རེད།  མང་གཙོ་ཡི་དོན་སྙིང་ཡང་གོ་སླ་སྟེ་མི་སོ་སོར་རང་དབང་དང་འདྲ་མཉམ་ལོངས་སུ་ སྤྱོད་པའི་ཐོང་ཐང་ཡོད་ལ། མང་ཚོགས་ཀྱིས་དབང་འཛིན་པར་ལྟ་རྟོག་དང་སྟངས་འཛིན་བྱེད་ཀྱི་ཡོད། དེའི་ཕྱིར་དབང་ཆ་གཅིག་སྡུད་དང་མང་གཙོ་གཉིས་ལ་ཤར་ནུབ་ཀྱི་དབྱེ་བ་འབྱེད་རྒྱུ་ མེད་པ་རེད། ཡོངས་ཁྱབ་ཀྱིས་སྲིད་དོན་གླེང་བ་དང༌། རང་དབང་གི་འོས་འདེམས། ཁྲིམས་ལུགས་རང་སྐྱ་འཕེར་བ་བཅས་མཚོན་རྟགས་གཙོ་བོར་བྱས་པའི་མང་གཙོའི་རྣམ་པ་ དེ་སྤྱིར་བཏང་དེང་དུས་ཐོག་མར་ནུབ་ཕྱོགས་ནས་དར་བ་ཡིན་ན་ཡང་མང་གཙོ་ཡི་བསམ་ བློའི་གཞུང་ལུགས་ནི་གནའ་བོའི་ཤར་ཕྱོགས་སུ་ཡང་བྱུང་ཡོད་ལ། ཕལ་ཆེར་ལོ་ངོ་གཉིས་སྟོང་སྔོན་ཏུ་རྒྱ་ནག་གི་རིག་པའི་གཞུང་ལུགས་ཀྱི་ཤིང་རྟ་བ་ མིན་ཙི་ཡིས་དམངས་ནི་གཙོ་བོ་ཡིན་ལ། སྲིད་དེ་ཕལ་བ་དང༌། རྒྱལ་བོ་ནི་མཐའ་མ་ཡིན་ཅེས་བརྗོད་ཡོད་པ་ནི་ཆེས་གདོད་མའི་དུས་ཀྱི་མང་གཙོའི་ བསམ་བློ་རེད།

དེང་སྐབས། མང་གཙོ་དེ་ནུབ་ཕྱོགས་སུ་མངོན་ཏུ་གྱུར་བ་མ་ཟད་ཤར་ཕྱོགས་ནས་ཀྱང་མངོན་ཏུ་གྱུར་ བ་དང༌། ཐ་ན་ཆོས་ལུགས་དང་རིག་གཞུང་རྦད་དེ་མི་གཅིག་པའི་རྒྱལ་ཁབ་ཏུ་ཡང་མངོན་ཏུ་གྱུར་ ཡོད་དེ། དཔེར་ན། ཨི་སི་རལ་དང་པ་ལི་སི་ཐན་ལྟ་བུ། ཉེ་རབས་འཛམ་གླིང་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པ་ནི་མང་གཙོ་དེ་ནུབ་ཕྱོགས་ སུ་འཚམ་པོ་ཡོད་པ་མ་ཟད་ཤར་ཕྱོགས་སུ་ཡང་འཚམ་པོ་ཡོད་ལ། རྒྱལ་ཁབ་དང་མི་རིགས་མང་ཆེ་བར་འཚམ་པོ་ཡོད། དེའི་ཕྱིར་རྒྱ་ནག་ལ་ཡང་ངེས་བར་ཏུ་འཚམ་པོ་ཡོད་པ་རེད།

ལྔ་བ། མང་གཙོའི་གོ་དོན་ནི་ཟིང་འཁྲུག་ཡིན་ནམ།
མང་གཙོ་ཟེར་བ་ནི་ཟིང་འཁྲུག་མིན། དེ་ལས་ལྡོག་སྟེ། ཕྱོགས་སྡོམ་བྱས་པ་ལྟར་ན་འཛམ་གླིང་སྟེང་གི་དཔལ་འབྱོར་དར་ཞིང་ཞི་བདེ་ཡུན་གནས་ ཀྱི་རྒྱལ་ཁབ་མང་ཆེ་བ་ནི་མང་གཙོ་རྒྱལ་ཁབ་ཡིན་ལ། དཔལ་འབྱོར་སྐྱོ་ཞིང་ཟིང་འཁྲུག་རྒྱུན་ཆད་མེད་པའི་རྒྱལ་ཁབ་མང་ཆེ་བ་ནི་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་རྒྱལ་ཁབ་ཡིན། ཆབ་སྲིད་མང་གཙོ་དང་ལྷན་དཔལ་འབྱོར་དར་ཞིང་སྤྱི་ཚོགས་བདེ་འཇགས། ཕན་ཚུན་སྐུལ་འདེད་དང་ཕན་ཚུན་རོགས་སྐྱོར་མཉམ་གནས་བྱས་ཡོད། ཕྱོགས་སྡོམ་གཞན་ཞིག་ལྟར་ན། ས་ཁུལ་རང་བཞིན་གྱི་འགལ་ཟླ་དང་འཛམ་གླིང་དམག་འཁྲུག་བཅས་ནི་དབང་ཆ་གཅིག་སྡུད་ རྒྱལ་ཁབ་ཀྱིས་བསླངས་པ་ཡིན། དེར་བལྟས་ན་མང་གཙོའི་ཆབ་སྲིད་དེ་རང་གི་རྒྱལ་ཁབ་ལ་ཕན་པ་མ་ཟད་ད་དུང་འཛམ་གླིང་ ཞི་བདེ་ལ་ཡང་སྨན་གྱི་ཡོད། དེའི་རྒྱུ་མཚན་ཤིན་ཏུ་སླ་སྟེ་མང་གཙོའི་རྒྱལ་ཁབ་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ གལ་ཆེར་འཛིན་པ་དང༌། དབང་ཆ་གཅིག་སྡུད་ལམ་ལུགས་རྒྱལ་ཁབ་ཀྱིས་གང་ཟག་གི་དབང་བསྒྱུར་གཙིགས་ཆེར་འཛིན། མང་གཙོ་དང་ཁྲིམས་ལུགས་ནི་ཁ་བྲལ་ཐབས་མེད། མང་གཙོའི་རྒྱལ་ཁབ་ཏུ་སྤྱི་མང་གི་ཐོབ་ཐང་ལ་ཚད་མཐོའི་སྲུང་སྐྱོབ་བྱེད་པ་དང༌། སྤྱི་མང་གིས་མི་གཞན་གྱི་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད། དབང་ཆ་གཅིག་སྡུད་ལམ་ལུགས་རྒྱལ་ཁབ་ཏུ་སྤྱི་མང་གི་ཐོབ་ཐང་ལ་སྲུང་སྐྱོབ་མི་ བྱེད་པ་དང༌། སྤྱི་མང་གིས་མི་གཞན་གྱི་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ་གོམས་ མེད། མི་མང་གི་ཐོབ་ཐང་ལ་དབང་འཛིན་པས་ལས་སླ་བོའི་རྡོག་བརྫིས་བཏང་བ་དང༌། མི་དང་མིའི་བར། མི་མང་དང་སྲིད་གཞུང་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་ཕན་ཚུན་ལས་སླ་བོའི་ཕོག་ཐུག་གཏོང་བ་དང༌། ཟིང་འཁྲུག་དང་འགལ་ཟླ་ཡང་ལས་སླ་བོར་འབྱུང་སྲིད་པ་རེད།

རྒྱ་ནག་དང་རྒྱ་གར་བསྡུར་ན་གནད་དོན་གསལ་བོར་བཤད་ཐུབ་སྟེ། དུས་རབས་ཕྱེད་ཀའི་རིང་རྒྱ་གར་གྱིས་ཚོགས་པ་མང་བའི་མང་གཙོའི་ལམ་ལུགས་ལག་བསྟར་ བྱས་པ་དང༌། རྒྱ་ནག་གིས་དམར་ཤོག་གཅིག་པུའི་དབང་ཆ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས། དེའི་ཕྱིར་རྒྱ་གར་གྱིས་རྒྱ་ནག་ནང་བྱུང་བའི་སྐྱི་གཡའ་བའི་དོན་ཆེན་མང་པོ་ཞིག་ ལ་གཡོལ་ཐུབ་ཡོད་དེ། རྒྱ་གར་ཏུ་རྒྱ་ནག་ནང་བྱུང་བའི་མཆོངས་བསྐྱོད་ཆེན་མོ་ལྟ་བུའི་སྨྱོ་རྟགས་ཀྱི་ ལས་འགུལ་བྱུང་མེད་ལ། རྒྱ་ནག་ནང་བྱུང་བའི་དཔལ་འབྱོར་ཉམས་རྒུད་དུ་གྱུར་ཏེ་མི་སྟོང་ཕྲག་མང་པོ་ ལྟོགས་སྐོམ་གྱིས་འཆི་བའི་ཡ་ང་བའི་སྐྱོ་གར་དེ་འདྲ་བྱུང་མེད། རྒྱ་ནག་ནང་བྱུང་བའི་རིག་གནས་གསར་བརྗེ་ལྟ་བུ་རིག་དངོས་དང་དཔལ་འབྱོར། སློབ་གསོ་བཅས་ལ་གཏོར་བརླག་བཏང་བ་དང༌། ཕན་ཚུན་བརྙས་བཅོས་དང་གསོད་རེས་བྱེད་པའི་མི་སྡུག་པའི་གནས་ཚུལ་དེ་འདྲ་བྱུང་ མེད། རྒྱ་ནག་ནང་བྱུང་བའི་དྲུག་བཞི་དོན་རྐྱེན་ལྟ་བུའི་སྡེབ་གསོད་ཀྱི་དོན་རྐྱེན་ བྱུང་མེད། རྒྱ་ནག་ནང་བྱུང་བའི་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་རྩ་མེད་བཏང་བའི་གནད་དོན་དེ་ འདྲ་བྱུང་མེད། འདི་ཡོད་ཚད་རྒྱ་གར་ཏུ་མ་བྱུང་བའི་རྒྱུ་མཚན་ནི། རྒྱ་གར་ལ་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། མང་གཙོའི་འོས་འདེམས། རང་དབང་ཅན་གྱི་ཁྲིམས་ཁང་བཅས་ཡོད་ལ།  ད་དུང་དབང་ཆ་ལ་ལྟ་རྟོགས་དང་སྟངས་འཛིན་བྱེད་པའི་སྤྱི་ཚོགས་ལམ་ལུགས་ཡོད། དོན་དངོས་ཀྱིས་བདེན་དཔང་བྱས་ཡོད་པ་ནི་མངོན་གསལ་ཆེ་བའི་ལམ་ལུགས་འདི་ལྟ་བུའི་ འགལ་ཟླ་ཞི་བར་བྱེད་པ་དང༌། ཁེ་ཕན་སྙོམས་སྒྲིག་གིས་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་བོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply