གཞས་ཚིག་དེ་སྐྱོར་བ་ཙམ་གྱིས་འདར་སིག་རྒྱག་གི་འདུག

གཞས་པ་ཕུར་བུ་རྣམ་རྒྱལ་ལོ་གསར་རྗེས་དྷ་སར་སླེབས་སྐབས་བོད་ཀྱི་དུས་བབ་གསར་འགོད་པས་བཅར་འདྲི་ཞུས་པ།

དྲི་བ། ཁྱེད་རང་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞས་པ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་གླུ་བ་གྲགས་ཅན་གཡའ་དྭངས་དང་ཀུན་དགའ་སོགས་ཀྱི་གླུ་གཞས་ལ་དམིགས་བསལ་གྱི་ཁྱད་ཆོས་ག་རེ་མཐོང་སོང༌།
ལན། བོད་ནང་གི་གཞས་པ་ཚོས་བཏང་བའི་གླུ་གཞས་ལ་གདངས་དང་དབྱངས་སྙན་པོ་ཡོད་པ་དེ་བཤད་མ་དགོས་པ་ཞིག་རེད་ལ། ཁོང་ཚོའི་གཞས་ལ་ཁྱད་ཆོས་གཞན་ཞིག་འདུག  དཔེར་ན་བཙན་བྱོལ་ནང་ཡོད་པའི་བོད་མི་དང་གཞིས་ལུས་བོད་མིའི་བར་འབྲེལ་ལམ་ཡོང་ཐབས་དང༌། ཁ་ཐུག་ཏུ་གཞས་ནང་དུ་དོན་དག་ཆེན་པོ་གང་ཡང་ལབ་མེད་ནའང༌། སྙན་ངག་གི་ལམ་ནས་བོད་ནང་གི་བདེ་སྡུག་དང་རང་བཙན་སྐོར་མང་བོ་འདུག  དེར་བརྟེན་ལོ་ལྟར་བོད་ནང་གི་གཞས་གསར་པ་རེ་སླེབས་དུས་དོ་སྣང་བྱས་ཏེ་ཉན་དགོས་པའི་གོམས་གཤིས་ཤིག་ཆགས་འདུག

དྲི་བ། སྙན་ངག་གི་ལམ་ནས་བྲིས་པ་དང་དེང་སྐབས་ཁ་སྐད་དུ་བྲིས་པའི་གཞས་ཚིག་གཉིས་ལས་གང་ཡག་པོ་མཐོང་གི་འདུག།  
ལན། སྤྱིར་བཏང་ས་ཆ་མི་འདྲ་སར་གཞས་མི་འདྲ་བ་དགོས་པ་གལ་ཆེན་པོ་རེད། ང་ཚོ་ལྟ་བུ་ཡིན་ན་རང་དབང་ལུང་པ་རེད། ཁ་རུ་ཁ་ཐུག་ཏུ་གཞས་བཏང་ན་སྐྱོན་གང་ཡང་ཡོད་པ་མ་རེད། རང་བཙན་དགོས་ལྟ་བུ་དང་དགའ་བོའི་གཞས་ལྟ་བུ་གང་ཡིན་ནའང་མི་མང་བོས་གོ་ཐུབ་ཀྱི་ཡོད་པ་རེད། ཉན་མཁན་འགའ་ཤས་བོད་ཡིག་ཡག་པོ་ཡོད་པ་རེད། འགའ་ཤས་ཡག་པོ་ཡོད་པ་མ་རེད། དེར་བརྟེན་ནམ་རྒྱུན་སྐད་ཆ་བཤད་པ་ནང་བཞིན་བཏང་ན་ཚང་མས་གོ་ཐུབ་པར་བརྟེན་ཡག་པོ་འདུག  བོད་ནང་ལྟ་བུར་མཚོན་ན་མི་ཕལ་ཆེ་བར་བོད་ཡིག་གི་གནས་སྟངས་ཡག་པོ་ཡོད་སྟབས་སྙན་ངག་གི་ལམ་ནས་གཞས་བཏང་ནའང་གོ་ཐུབ་གི་རེད། 

དྲི་བ། བོད་ཀྱི་གཞས་པ་རེ་ཟུང་གིས་ཚིག་གསར་བ་རེ་བཅུག་བཞག་པ་མ་གཏོགས་རྒྱ་གླུ་དང་དབྱིན་གཞས་ཀྱི་དབྱངས་དེ་འདྲ་རང་འཇགས་བོད་སྐད་ཐོག་གཏོང་མཁན་འདུག འདིའི་ཐད་བསམ་ཚུལ་ཅི་ཡོད།
ལན། ང་རང་དེ་ལ་དགའ་བོ་མེད། གཞས་གཏོང་མཁན་ཞིག་ཡིན་དུས་ཁོ་རང་ཉིད་ཀྱིས་ཁྱད་ཆོས་ཤིག་སྟོན་དགོས་འཁེལ་གྱི་རེད། གཞས་སྙན་པོ་ཞིག་ལ་གདངས་སྙན་པོ་ཞིག་དང་ཚིག་ཆ་ཚང་བ་ཞིག། དེའི་ཐོག་ལ་གཞས་པ་རང་གི་སྐད་བདེ་བོ་ཡོད་ན་གཞས་དེ་ཡག་པོ་དང་འཐུས་སྒོ་ཚང་བ་ཞིག་ཆགས་འགྲོ་གི་ཡོད་པ་རེད། འདི་ནས་རྐུན་མ་ཞིག་བརྒྱབས་ཏེ་དེའི་ཐོག་ལ་ལྷན་པ་ཞིག་བརྒྱབས། ཕ་གི་ནས་རྐུན་མ་ཞིག་བརྒྱབས་ཏེ་ལྷན་པ་ཞིག་བརྒྱབས་ན་སྤྱིར་བཏང་ཉན་མཁན་ཚོར་སྙན་པོ་ཡོང་གི་རེད། ཡིན་ནའང༌། ང་རང་གཞས་པ་ཞིག་ཡིན་པའི་ངོས་ནས་བསམ་བློ་གཞན་པ་ཞིག་ཁྱེར་ནས་ལྟ་དུས་ལན་པོ་མཐོང་གི་མི་འདུག། ཉན་དུས་ཅུང་ཙམ་མ་འདྲ་བ་ཞིག་མཐོང་གི་རེད་མ་གཏོགས་ཐབས་སྐྱོ་བོ་ཞིག་མཐོང་གི་འདུག། ང་ཚོའི་རིག་གཞུང་དང་མི་རིགས་ཀྱི་ལ་རྒྱའི་ཐོག་ནས་བཤད་ནའང༌། བོད་ཡིག་ཕྱུག་པོ་རེད། སྙན་ངག་ཕྱུག་པོ་རེད། དབྱངས་དེ་ཚོ་བདེ་ཐག་ཆོད་ཡོད་པ་རེད། གཞན་ནས་རྐུན་མ་རྒྱག་དགོས་པ་དེ་འདྲ་གང་ཡང་མཐོང་གི་མི་འདུག།

དྲི་བ། བོད་ནང་གི་གཞས་པ་ཚོས་བྱེད་ཐབས་འདྲ་མིན་ནས་བོད་ཀྱི་བདེ་སྡུག་གླུ་རུ་ལེན་བཞིན་འདུག། བཙན་བྱོལ་གྱི་གཞས་པ་ཚོས་འདས་མ་འོངས་པའི་བོད་ཀྱི་ཆབ་སྲིད་གནས་སྟངས་གླུ་གཞས་ཀྱི་ལམ་ནས་ལེན་མཁན་དཀོན་པོ་འདུག་འདི་ལ་བསམ་ཚུལ་ཅི་ཡོད།
ལན། བོད་ནང་གི་གཞས་པ་དེ་ཚོས་སྲིད་དོན་སྐོར་དེ་འདྲ་སྙན་ངག་གི་ལམ་ནས་གཞས་མང་པོ་གཏོང་གི་འདུག་ལ། བོད་ནང་གི་གཞས་པ་མང་ཆེ་བ་གཞས་བཏོང་བའི་ཚད་གཞི་གང་འཚམ་ཞིག་སླེབས་ཚར་བ་དེ་འདྲ་རེད། གལ་སྲིད་རྒྱ་གར་ནང་དུ་ཡོད་མཁན་དེ་ཚོས་གཞས་དང་པོ་གཉིས་པ་གཏོང་སྐབས་ནས་སྲིད་དོན་དང་སྙན་ངག་གི་ལམ་ནས་གཞས་བཏང་སྟེ། དབྱངས་དེ་སྙན་པོ་མ་ཆགས་ན་མི་འགུག་ཐུབ་ཀྱི་མ་རེད། སྤྱིར་བཏང་གཞས་གཏོང་མཁན་གསར་བ་དེ་ཚོ་དང་སྤྱི་ཚོགས་ནང་དུ་ཡར་གང་འཚམ་སླེབས་ཐུབ་དགོས། དེར་བརྟེན་མང་པོ་ཞིག་གིས་སོ་སོའི་ལས་དོན་ལམ་འགྲོ་ཡོང་ཆེད་དང་པོ་དགའ་བོའི་སྐོར་དང་བརྩེ་དུང་སྐོར་དེ་འདྲ་བཏང༌། དེ་ནས་སོ་སོ་ཅུང་ཙམ་ཡར་སླེབས་སོང་ན་གཞི་ནས་སྲིད་དོན་སྐོར་གྱི་གཞས་བཏང་ན། དེ་དུས་མི་ཚོས་དོ་སྣང་ཡོང་གི་རེད། དོ་སྣང་བྱུང་བ་ཡིན་ན་བོད་ནང་ལོགས་ཀྱི་གཞས་གཏོང་མཁན་གསར་བ་དེ་ཚོས་ཀྱང་དང་པོ་ནས་སྲིད་དོན་སྐོར་གཏོང་གི་ཡོད་པ་མ་རེད། དང་པོ་དགའ་བོའི་སྐོར་དང་བརྩེ་དུང་གི་སྐོར་འདྲ་བཏང་སྟེ། གཞས་པ་ངོ་མ་ཞིག་ཆགས་སོང་ན་གཞི་ནས་སྲིད་དོན་སྐོར་གྱི་གཞས་གཏོང་གི་ཡོད་པ་རེད་ལ། དེ་དུས་གཞས་བཏང་ཏེ་སྤྱི་ཚོགས་ལ་འགྱུར་བ་གཏོང་རྒྱུར་ཤུགས་བརྒྱབ་ནའང་ཡག་པོ་ཡོང་གི་རེད།

དྲི་བ། བོད་གཞུང་ཟློས་གར་ཁང་གི་འཁྲབ་གཞས་དང་རྐྱང་གཞས་ཕལ་ཆེ་བ་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་ཁོ་ནར་དམིགས་ཡོད་སྟབས། སྒྱུ་རྩལ་གྱི་ལས་ཀར་རོགས་འདེགས་ཐུབ་ཀྱི་མེད་ཚུལ་གྲོས་ཚོགས་ནས་ཀྱང་གླེང་ཚུལ་འདུག  ཁྱེད་རང་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་འདིའི་ཐད་ལ་བསམ་ཚུལ་ཅི་ཡོད།
ལན། བོད་གཞུང་ཟློས་གར་ཁང་དང་ཐང་སྟོང་གླུ་གར། བོད་ནང་གི་སྲོལ་རྒྱུན་གྱི་ཟློས་གར་ཁང་དེ་འདྲ་ཡིན་ན། ཁོ་རང་ཚོས་སྔོན་མ་ནས་གང་འདྲ་གནང་གི་ཡོད་ནའང་མུ་མཐུད་གནང་བསྡད་ན་ཡག་པོ་མཐོང་གི་འདུག སྤྱིར་ང་ཚོས་དུས་ཚོད་ལ་དཔག་པའི་འགྱུར་བ་གཏོང་དགོས་ཀྱི་རེད་ཟེར་བ་དེ། ཏག་ཏག་མ་བསྡད་པ་འདྲ་བོ་ཞིག་མཐོང་གི་འདུག། ང་ཚོ་ལོ་ཆུང་ཆུང་དེ་ཚོས་ཉན་བསྡད་དུས་བོད་གཞུང་ཟློས་གར་ཁང་ལྟ་བུ་ཞིག་གིས་བཏང་བའི་གཞས་ཤིག་ཡིན་ན་ཁུངས་ཡོད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ང་ཚོས་བཏང་བ་དེ་ཚོར་ཁུངས་ལུང་གང་ཡང་མེད་པ་དེ་འདྲ་མ་རེད། ཡིན་ན་འང༌། དུས་ཚོད་ལ་དཔག་སྟེ་འགྲོ་བཞིན་ཡོད་པ་རེད། ངས་དེ་གཉིས་ལོགས་སུ་བཞག་ན་ཡག་པོ་མཐོང་གི་འདུག། དེང་དུས་གཞས་གཏོང་མཁན་ཚོར་དེང་དུས་སྤྱི་ཚོགས་ལ་དཔག་པའི་གཞས་ག་རེ་གཏོང་གི་ཡོད་ནའང་དེ་ལྟར་གཞས་གཏོང་རྒྱུ་ཡོད་པ་བྱས། ཡང་བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ་ལྟ་བུ་ཡིན་ན་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་མི་ཉམས་རྒྱུད་འཛིན་བྱས་ན་དེ་དགེ་མཚན་ཆེན་པོ་མཐོང་གི་འདུག

དྲི་བ། རྒྱལ་ཁབ་གཞན་པའི་གཞས་པ་སྐད་གྲགས་ཅན་དེ་ཚོས་རང་བཙན་གྱི་གླུ་གཞས་བཏང་བར་བརྟེན་ནས་མི་མང་ལ་སེམས་ཤུགས་སྤར་ཏེ་ལས་འགུལ་སྤེལ་བ་ལྟ་བུ་ཡོད་པ་རེད། ང་ཚོ་རང་བཙན་མེད་པའི་རྒྱལ་ཁབ་ཅིག་གི་གཞས་པ་ལ་རང་གི་རྒྱལ་ཁབ་གྱི་ཆེད་དུ་འགན་ཅི་ཞིག་ཡོད་པ་རེད།
ལན། ལན་འདི་སྒང་གི་དྲིས་ལན་ཞིག་དང་འབྲེལ་བ་ཆགས་འདུག  གང་ཡིན་ཟེར་ན་ང་ཚོ་དང་པོ་གཞས་གཏོང་མཁན་གསར་བ་ཡིན་དུས། མི་མང་བོས་གོ་ཐུབ་ཆེད་ང་ཚོས་དགའ་བོའི་གཞས་དང་བརྩེ་དུང་གི་གཞས་དེ་འདྲ་བཏང་སྟེ་སྤྱི་ཚོགས་ནང་ཐོན་ཡོང་བ་རེད། དེང་སང་གཞས་བཏང་ནས་ལོ་གང་འཚམ་འགྲོ་བཞིན་པ་རེད། ད་ང་ཡང་གཞས་པ་རྙིང་པ་ཞིག་གིས་ངོས་ནས་ལས་འགན་ཞིག་ཆགས་ཀྱིན་འདུག   གཞས་ཚིག་དང་གདངས་གང་ཅིའི་ཐད་ནས་འགྱུར་བ་ཞིག་གཏོང་དགོས་ཀྱིན་འདུག   གང་ཡིན་ཟེར་ན་མིས་ཉན་གྱི་རེད། ད་ལྟ་བར་དུ་དགའ་བོའི་གཞས་ལྟ་བུ་བཏང་བསྡད་པ་ཡིན། ཡིན་ནའང་ངའི་འོད་སྡེར་གསར་བ་འཇལ་ཡོང་ཟེར་བ་དེ་སྲིད་དོན་ཆེད་རང་ཡིན། དེའི་ནང་དུ་མི་རིགས་ཀྱི་ལ་རྒྱ་དང་སྐད་ཡིག་མ་བརླག་པ། བོད་ལུང་པ་སོ་སོའི་ལུང་པ་ཡིན་པའི་ཞེན་ཁོག་བྱེད་དགོས་པའི་སྐོར་གྱི་གཞས་ཚིག་དེ་འདྲ་མང་པོ་ཡོད།

དྲི་བ། དེང་རབས་ཀྱི་གཞས་པ་ཚོས་སྲོལ་རྒྱུན་གྱི་གཞས་ཚིག་ལྟ་བུ་དང༌། ཡང་ན་རྩོམ་པ་པོ་གྲགས་ཅན་ཞིག་གིས་ཚིག་བརྩམས། དབྱངས་མཁན་ཞིག་གིས་དབྱངས་བརྩམས་རྗེས་རང་ཉིད་ཀྱི་གཏོང་བ་ལྟ་བུ་མི་བྱེད་པར་འདི་གསུམ་ཆ་རང་ཉིད་གཅིག་པུས་བྱེད་ཅི་ཐབས་བྱེད་བཞིན་པར་སྐྱོན་མཐོང་གི་འདུག་གམ།
ལན། དེ་འདྲ་བྱེད་ཐུབ་མཁན་ཞིགགིས་བྱས་ན་ཏག་ཏག་བསྡད་འདུག  བྱེད་མི་ཐུབ་མཁན་ཞིག་གིས་ཨུ་ཚུགས་བརྒྱབས་ཏེ་བྱས་ན་ལན་པོ་ཆགས་ཀྱི་མི་འདུག  ངར་ཉམས་མྱོང་བྱུང་བ་ལྟར་སྔོན་མ་ངས་གཞས་གཏོང་བའི་མགོ་འཛུགས་དུས། ལྟ་རྒྱ་མཐོང་རྒྱ་དེ་ཙམ་མེད་ལ། མི་གཞན་པར་རེ་བ་རྒྱག་པར་དགའ་བོ་དེ་ཙམ་མེད་པར་ཚང་མ་སོ་སོས་བྱེད་དགོས་པ་ཞིག་མཐོང་གི་ཡོད། དངུལ་གྱི་ཐོག་ནས་ཀྱང་གཞས་ཚིག་རྩོམ་མཁན་དང་དབྱངས་མཁན་ལ་ལོགས་སུ་གླ་ཆ་སྟེར་ཐུབ་ཀྱིན་མེད་དུས། སོ་སོས་གང་ཡོང་ཡོང་བྱས་ཏེ་གཞས་ཀྱི་འོད་སྡེར་བཏོན་པ་རེད། རྗེས་ལ་བསམ་བློ་གཏོང་དུས་དེ་ཏག་ཏག་ཡོང་གི་མི་འདུག  དེར་བརྟེན་གདངས་དེ་ང་རང་གིས་བརྩམས་ཏེ། ཚིག་ཏེ་མི་གཞན་གྱིས་བརྩམས་ན་ཡག་པོ་མཐོང་གི་འདུག  མི་ཁ་ཤས་ཤིག་བོད་ཡིག་གི་གནས་ཚུལ་དང་སྙན་ངག་མཁས་པ་དེ་འདྲ་རེད། ཡང་རེད་ཟུང་དྲན་རྒྱུ་རྒོད་པོ་རེད། དེར་བརྟེན་གཞས་ཚིག་སྙིང་རྗེ་བོ་དེ་འདྲ་རྩོམ་ཐུབ་ཀྱི་རེད། རྗེས་ཕྱོགས་མཐུན་རྐྱེན་འཛོམས་ན། གཞས་ཚིག་རྩོམ་མཁན་དང་རོལ་ཆ་གཏོང་མཁན་གཉིས་ལོགས་སུ་དགོས་ཀྱིན་འདུག།

དྲི་བ། བཙན་བྱོལ་གྱི་གཞས་པ་ཚོས་གཞས་གཏོང་སྐབས་རོལ་མོའི་རམ་འདེགས་ཡག་པོ་འདུག  ཡིན་ནའང༌། གཞས་ཚིག་མང་ཆེ་བ་རྡོ་ཆགས་བཙན་སྒྲིག་བྱས་པ་ལྟ་བུ་ལས་ནང་དོན་དེ་ཙམ་ལེགས་པོ་མི་འདུག
ལན། བྱེད་སྟངས་འདི་རྒྱ་གར་ནང་ཚ་བ་ལྟ་བུ་ཞིག་འབར་གྱིན་འདུག ཁོང་ཚོས་གཞས་པ་ལབ་དུས་མི་མང་ནང་དུ་ཚང་མས་དགའ་བོ་བྱེད་པ་དང༌། ག་རེ་བྱས་ཀྱང་རང་གིས་བྱེད་ཐུབ་པ་ཞིག་མཐོང་གི་ཡོད་པ་རེད་ལ། སོ་སོས་ཨུ་ཚུགས་བརྒྱབས་ཏེ་ཚིག་རྩོམ་ཁུལ་བྱེད་བཞིན་ཡོད་ནའང་ཤེས་ཡོན་གནས་ཚུལ་དེ་ཙམ་ཡག་པོ་མེད་དུས་ཡག་པོ་ཆགས་ཀྱི་ཡོད་པ་མ་རེད།

དྲི་བ། ཁྱེད་ཀྱི་གཞས་ཚིག་ཅིག་གི་ནང་དུ་ང་ཡང་བསྐྱར་མི་ལུས་ལེན་པའི་ཚེ། ངའི་ཕ་ཡུལ་བོད་ལ་སྐྱེ་བར་ཤོག་ཅེས་པར་བོད་ནང་དུ་ཧ་ཅང་གི་དགའ་མོས་བྱེད་བཞིན་འདུག  གཞས་ཚིག་འདི་རྩོམ་སྐབས་དང་གླུ་གཞས་ཀྱི་ལམ་ནས་གཏོང་སྐབས་ཁྱེད་ལ་དམིགས་བསལ་གྱི་ཚོར་བ་གང་འདྲ་བྱུང་སོང༌།
ལན། ངའི་གཞས་ཚིག་དེ་ཁྱེད་རང་གིས་བསྐྱོར་བ་ཙམ་གྱིས་ངའི་གཟུགས་པོ་འདར་སིག་རྒྱག་གི་འདུག གང་ཡིན་ཟེར་ན་འདི་གལ་ཆེན་པོ་ཞིག་རེད། ངས་མཚམས་མཚམས་རེར་བོད་ཀྱི་སྲིད་དོན་དང༌། སྐད་ཡིག    རིག་གཞུང་གི་སྐོར་ལ་བསམ་བློ་འདྲ་བཏང༌། བོད་ཀྱི་པར་དང་སྔོན་མ་སྔོན་མའི་བོད་ཀྱི་ལོ་རྒྱུས་དེ་འདྲར་བལྟས་དུས། ང་རང་རང་བཙན་མེད་པའི་རྒྱལ་ཁབ་ཅིག་གི་མི་སེར་རེད་ལ། ཕྱི་རྒྱལ་ལུང་པར་བསྡད་ཡོད་པ་རེད། དེར་བརྟེན་དངུལ་ཁོ་ན་བསགས་བསྡད་ན་འགྲིག་གི་མི་འདུག  སོ་སོའི་ལྟོ་གོས་འགྲིག་གི་ཡོད་ནའང༌། སོ་སོའི་ལུང་པ་དང་སོ་སོའི་མི་རིགས་ལ་སྟོན་རྒྱུ་ཞིག་དགོས་པ་རེད། དེ་ཚོར་བསམ་བློ་བཏང་སྟེ། དེ་ནས་གཞས་ཚིག་དེ་སེམས་ལ་དྲན་པ་ལྟར་མར་བྲིས་བཞག་པ་ཡིན། ང་ཚོའི་ཕ་ཡུལ་བོད་ལ་མགོ་ཝ་ཞྭ་ཕུད་ནས་ཕྱག་ལན་གསུམ་འཚལ། ང་རང་རྗེས་མ་ཤི་བའི་སྐབས་སུ་སྨོན་ལམ་ལན་གསུམ་བརྒྱབས་ནས་འགྲོ་གི་ཡིན། ང་ཡང་བསྐྱར་མི་ལུས་ལེན་པའི་ཚེ་ལ། ཕ་ཡུལ་བོད་ལ་སྐྱེ་བར་ཤོག། དངོས་གནས་དེ་ལྟ་བུའི་ཚོར་བ་ཞིག་སྐྱེས་སོང་ལ། མ་ཟད་གཞས་གཏོང་དུས་དེ་ལས་ལྷག་པའི་ཚོར་བ་ཞིག་སྐྱེས་སོང༌།

བསྐྱར་བཅོས།: ༢༠༠༨/༠༧/༠༦

Leave a Reply