བཟོ་སྐྲུན་ལས་འགུལ་ལ་ཤུགས་སྐྱོན་རོགས།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ།

བཀའ་ཁྲི་མཆོག་གིས་རྡ་སར་འཚོགས་པའི་དབུ་མའི་ལམ་གྱི་ཚོགས་ཆེན་ཐེངས་དང་པོའི་སྟེང་གསུང་བཤད་གནང་བ་ལས་བསྡུ་སྒྲིག་བྱས།

         བོད་མི་རིགས་ཀྱི་འཐབ་རྩོད་དེ་ད་ལྟའི་འཛམ་གླིང་གི་ཆབ་སྲིད་གནས་བབ་འདིའི་འོག་ཞིབ་ཏུ་བལྟས་ན། ཧ་ཅང་དཀའ་རྙོག་ཆེན་པོ་དང་སྒྲུབ་དཀའ་བའི་འཐབ་རྩོད་ཅིག་ཡིན། མང་པོ་ཞིག་གིས་སྐབས་རེར་མ་མཁྱེན་པ་དང་སྐབས་རེར་དགོངས་པ་མི་བཞེས་པ་ཡོང་གིན་འདུག  ཡིན་ནའང་རྗེས་སུ་ཡི་རངས་དང་དགའ་སྒོམ། སྤོབས་པ་སྐྱེ་འོས་པ་ཞིག་ལ། འདས་པའི་ལོ་བཞི་བཅུ་ལྷག་གི་རིང་ང་ཚོའི་འཐབ་རྩོད་དེ་འཛམ་གླིང་ནང་རྩ་མེད་མ་སོང་བར་གནས་ཐུབ་ཡོད། དེ་ཆབ་སྲིད་བསྐྱར་ཞིབ་ཐོག་ནས་བལྟས་ན་ཡ་མཚན་མིག་འཕྲུལ་ལྟ་བུ་ཞིག་རེད། དེ་ཇི་ལྟར་བྱུང་བ་རེད་ཅེ་ན། ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཉག་གཅིག་ལས་བྱུང་བ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ད་ལྟའི་བར་ཐོག་མ་དམག་གི་གནོན་ཤུགས་དང༌། དེ་ནས་དཔལ་འབྱོར་དང་ཁྲོམ་རའི་གནོན་ཤུགས་འོག  དེང་རབས་ཀྱི་འཇིག་རྟེན་ཏེ། དྲང་བདེན་དང་ཡ་རབས་ཀྱི་ཀུན་སྤྱོད་ལས་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་གལ་ཆེན་དུ་བརྩི་བའི་དུས་འདིར་བོད་ཀྱི་རྩ་དོན་རྩ་རླག་ཏུ་འགྲོ་བའི་རྒྱུ་རྐྱེན་ཆ་ཚང་ཡོད། ཨ་རིའི་སྲིད་འཛིན་ཁི་ལིན་ཊིན་གྱིས་སྐད་ཆ་དྲང་བཤད་ཅིག་བྱས་ཡོད། དམངས་གཙོ་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བོད་ཀྱི་གནད་དོན་སོགས་ནི་ང་ཚོ་ཨ་རི་བས་བརྩི་བཀུར་ཞུ་དགོས་པའི་གནད་དོན་ཞིག་རེད། འོན་ཀྱང་གནད་དོན་དེས་དབང་གིས་རྒྱ་ནག་གི་ཁྲོམ་ར་བློས་གཏོང་ཐུབ་ཡོད་པ་མ་རེད། རྒྱ་ནག་གི་ཁྲོམ་ར་ཨ་རིའི་མང་ཚོགས་ཀྱི་མི་ཚེ་ནང་རྙེད་དཀའ་བའི་གོ་སྐབས་ཤིག་རེད་ཅེས་ལབ་ཡོད། བསམ་ཚུལ་དེ་འཛམ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལ་ཡོད། རྒྱ་ནག་དང་ཐག་ཉེ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་འཇིགས་དངངས་འོག་གནས་ཡོད་ལ། ཐག་རིང་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་འདོད་རྔམ་འོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གདོང་ཐུག་དང་ཁ་གཏད་ལྕོགས་ཕོད་མཁན་མེད། ཡ་མཚན་ཅན་གྱི་གནས་བབ་དེའི་འོག་བོད་ཀྱི་དཀའ་རྙོག་དེ་ཉིན་རེ་ནས་ཉིན་རེར་ཇེ་མཐོར་འགྲོ་བ་ལས་གཏན་བརླག་སོང་མེད། ༧གོང་ས་མཆོག་གི་མཛད་འཕྲིན་དང༌། དབུ་མའི་ལམ་གྱི་སྲིད་བྱུས་འདི་གཏན་འབེབས་བྱས་མེད་ན། འཛམ་གླིང་ནང་མང་ཚོགས་ཀྱི་རྒྱབ་སྐྱོར་རེ་ཟུང་ཡོད་ཀྱང༌། གཞུང་ཁག་གི་རྒྱབ་སྐྱོར་རག་པའི་རེ་བ་ནམ་ཡང་མེད་ལ། ༧གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གཞན་དུ་གཟི་བརྗིད་ཆེན་པོས་ཕེབས་བཞུགས་དཀའ་མོ་ཡིན། ལོ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱི་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་སྐབས་ཚོགས་གཙོ་དང༌། སྲིད་འཛིན་གྱི་གཏམ་བཤད་ཚང་མར་༧གོང་ས་མཆོག་གི་དབུ་མའི་སྲིད་བྱུས་འདི་གཞན་དང་མི་འདྲ་བའི་གཟི་བརྗིད་ཅན་ཞིག་ཡིན་པར་ང་ཚོས་ངོས་འཛིན་དང་རྒྱབ་སྐྱོར་ཆ་ཚང་ཡོད་བའི་མཚོན་བྱེད་དུ་གཟེངས་བསྟོད་འདི་འབུལ་བཞིན་ཡོད་ཅེས་གསལ་བོར་གསུངས་ཡོད།
       

སྤྱི་ལོ་༡༩༤༩ལོའི་རྗེས་ལ་རྒྱ་ནག་དང་གསར་དུ་གཞུང་ཚབ་གཏོང་རེས་ཀྱི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་གཞུང་འབྲེལ་ངོས་ལེན་ནི། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དེ་རང་རེད། རྒྱལ་ཁབ་ཉུང་ཤས་ཤིག་ལ་བོད་ཐོག་སྲིད་བྱུས་གང་ཡང་མེད། དེ་དང་འདྲ་བར་འཛམ་གླིང་གི་རྒྱལ་ཁབ་སུ་གང་ཞིག་གིས་བོད་བཙན་བཟུང་མ་བྱས་སྔོན་གྱི་གནས་སྟངས་ངོས་ལེན་བྱེད་ཀྱིན་མེད། ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་ནའང་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་དགོས་པ་ལས། གོ་ལ་གཅིག་གྱུར་གྱི་དར་ཆའི་འོག་ལོགས་སུ་འབུད་རྒྱུའི་གོ་སྐབས་མེད་ལ། གལ་ཏེ་ལོགས་སུ་བུད་ན་གྲོགས་མེད་གཅིག་པུར་ལུས་རྒྱུ་ལས་ལྷག་མེད། བོད་ལྟ་བུར་མཚོན་ན་ས་ཁྱོན་རྒྱ་གར་གྱི་ཕྱེད་ཀ་ཙམ་ཡོད་ཀྱང༌། མི་འབོར་རྒྱ་གར་གྲོང་ཁྱེར་གཅིག་གི་མི་འབོར་ཡང་མེད། དེ་བཞིན་རྒྱ་ནག་འཛམ་གླིང་གི་མི་འབོར་མང་ཤོས་ཡིན། མི་འབོར་ཆེ་ཤོས་ཡིན་པའི་རྒྱལ་ཁབ་གཉིས་བར་མི་འབོར་ཉུང་བའི་རྒྱལ་ཁབ་ཅིག་གིས་ས་ཁྱོན་ཆེན་པོ་ཞིག་བཟུང་སྟེ་རྒྱུན་རིང་གནས་ཐུབ་མེད་པ་གསལ་བོ་རེད། ང་ཚོས་དངོས་ཡོད་གནས་སྟངས་ལ་མ་བསྟུན་པར་སྐྱོད་རྒྱུ་སྟོང་སེམས་རྨི་ལམ་ཙམ་རེད། ༡༩༥༡རྗེས་ཀྱི་རྒྱ་ནག་མིདམངས་སྤྱི་མཐུན་རྒྱལ་ཁབ་གྱི་གྲུབ་ཆ་ལྟ་བུའི་འོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་ནང་གི་ཆ་རྐྱེན་དེ་དག་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱུང་ན། ང་ཚོའི་དགོས་མཁོའི་ཆབ་སྲིདག་ཀྱི་མཐུན་རྐྱེན་ཡོངས་རྫོགས་དེའི་ནང་མ་ཚུད་པ་མེད།

     བར་ལམ་ཞིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཞུང་འཛིན་གྱི་སྲིད་བྱུས་ཤིག་ལས་མང་ཚོགས་ཀྱི་རྒྱབ་སྐྱོར་དེ་ཙམ་མེད་པའི་རྣམ་པ་སྟོན་མཁན་བྱུང་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར་ཡང༌། དངོས་སུ་ལས་འགུལ་སྤེལ་སྐབས་རྒྱབ་སྐྱོར་གྱི་རྣམ་པ་ཐོན་མེད། དཔེ་མཚོན་ཙམ་ཞུས་ན། ལོ་སྔོན་མར་ལྡི་ལིར་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ལས་འགུལ་སྤེལ་སྐབས། ལྷོ་ཕྱོགས་གདན་ས་ཁག་ནས་ངར་ཁ་པར་ཡོང་སྟེ་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྣམ་པ་གང་ཡང་ཐོན་མི་འདུག། དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་དང༌། ལྷག་པར་དུ་དགག་པ་རྒྱག་མཁན་སུ་ཡིན་ནའང་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡག་པོ་ཞིག་མ་ཤེས་ན་སེམས་ཚོར་ཙམ་ལས། ཆབ་སྲིད་ལྟ་གྲུབ་ཀྱི་གནས་ཚད་ཡོད་པའི་དགག་པ་ཞིག་ཆགས་མེད། མཐར་ཞུ་རྒྱུ་ཞིག་ལ་དབུ་མའི་ལམ་གྱིས་ནུས་པ་ཐོན་གྱིན་མེད་པའི་དགོངས་ཚུལ་ཡོད་པ་ཡིན་ན། སྲིད་བྱུས་གཞན་དང་བསྡུར་ནས་ནུས་པ་ཐོན་དང་མ་ཐོན་ལ་གཟིགས་དགོས། གཞན་པའི་སྲིད་བྱུས་འཛིན་མཁན་ཚོས་ནུས་པ་ཆེ་ཤོས་དང་མགྱོགས་ཤོས་དབུ་མའི་ལམ་འདི་རང་ཡིན་ལ། ད་ལྟའི་བར་ནོར་འཁྲུལ་གང་ཡང་བྱུང་མེད་པར་ཡིད་ཆེས་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་གཏིང་ཟབ་རྩོད་རྙོག་དེ་ཐེངས་ལྔ་དྲུག་གི་འབྲེལ་མོལ་སྟེང་ནས་ཡིད་ཐང་ཆད་སོང་བ་ཡིན་ན་སྔ་དྲག་པ་རེད། ང་དགུ་ལོར་རྒྱ་གར་ལ་འབྱོར་སྐབས་འདི་ལྟར་རྒྱུན་རིང་འགོར་སྲིད་པའི་བསམ་བློ་༧སྐྱབས་མགོན་རིན་པོ་ཆེ་སྐུ་རྐྱང་མ་གཏོགས་བཀའ་བློན་རྣམ་པར་ཡང་འཁོར་མི་འདུག། སྤྱིར་ང་ཚོ་བོད་དུ་ལོག་རྒྱུ་དེ་སྐད་ཅིག་ཕྱི་ན་ལས་སྔ་མ་འདམས་དགོས་པ་ཆགས་ཡོད། འོན་ཀྱང་ང་ཚོ་སྐད་ཅིག་གཉིས་པར་ལོག་མ་ཐུབ་པ་ཡིན་ན་ཐང་ཆད་ཆོག་ཆོག་མིན་པར་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཆ་ཚང་མ་ཐོབ་བར། འཐབ་རྩོད་དེ་བློས་མི་གཏོང་བར་མི་རབས་ནས་མི་རབས་ཀྱི་འཆར་གཞི་སྒྲིག་རྒྱུ་གལ་ཆེ།

    འདི་དང་བསྟུན་ནས་ཞུ་འདོད་པ་ཞིག་ལ་

བསྐྱར་བཅོས།: ༢༠༠༨/༠༧/༠༦

Leave a Reply

One thought on “བཟོ་སྐྲུན་ལས་འགུལ་ལ་ཤུགས་སྐྱོན་རོགས།

  1. བོད་ནང་གི་བོད་མི་ཚོས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་ཀྱི་རང་དབང་གི་སླད་དུ། རྒྱའི་བཙན་གནོན་འོག་ནས་རང་སྲོག་བློས་བཏང༌། བཙན་གནོན་ལ་ངོ་རྒོལ་གྱི་མེ་ལྕེ་སྦར། ཕྱི་སྡོད་བོད་མི་ཚོར་རེ་བ་བརྒྱབ།
    ང་ཚོས་ད་དུང་ཡང་འཆར་གཞི་བསྒྲིགས། འཆར་གཞི་བསྒྲིགས་ནས་ལོ་ཡི་སྒང་ལ་ལོ་བརྩེགས། རེ་བའི་སྒང་ལ་རེ་བ་བརྩེགས། དོན་ངོ་མར། ང་ཚོས་བོད་འདི་གླེང་གིན་གླེང་གིན་བོད་ནང་གི་བོད་མི་ཚོའི་རེ་བ་མུན་ནག་གི་དོང་ལ་གཡུག་རྒྱུ་་ཡིན་ནམ།