འབར་གྱིན་པའི་གཞིས་ལུས་བོད་མིའི་སྙིང་སྟོབས།

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་ནག་གཞུང་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པར་འདི་ག་གསར་ཁང་གིས་ཤེས་རྟོགས་བྱུང་བ་རྣམས་དུས་བབ་འདོན་ཐེངས་སྔོན་མའི་ནང་དུ་བཀོད་ཟིན་ཞིང༌། དེའི་རྗེས་སུ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁག་ཅིག་སླར་ཡང་རེག་ཟིན་དུ་བཀོད་ཡོད།
    

  ཚེས་༢༠སྔོན་གྱི་གནས་ཚུལ་རེག་ཟིན།

༡)ཚེས་ ༡༦ ཉིན་རྔ་པ་མཆོད་རྟེན་ལྕགས་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་བྱས་འདུག
༢)ཚེས་༡༧ཉིན་རྔ་པ་ཆོ་རྗེ་དང་ས་རུ་མ། བྱ་སྐོར་མ་བཅས་ཀྱི་སྡེ་བ་གསུམ་གྱི་མི་མང་གིས་ཞི་བའི་ངོ་རྒོལ་བྱས་འདུག
༣)ཚེས་ ༡༨ ཉིན་ཨ་མཆོག་མཚན་ཉིད་དགོན་པའི་གྲྭ་བ་ཁ་ཤས་ཀྱིས་སྣེ་ཁྲིད་དེ་མི་མང་གིས་ཞི་བའི་ངོ་རྒོལ་བྱས།
༤)རྔ་པ་སྣང་ཞིག་དགོན་པའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གིས་དྲག་གནོན་བྱས་པ་དང༌། དགོན་པའི་ནང་ཆོས་དར་ཞིག་སྒྲེང་འཛུགས་བྱས་ཡོད་པ་མར་ཕབ་སྟེ་དེའི་ཚབ་ཏུ་རྒྱ་ནག་གི་དར་ཆ་འཛུགས་དགོས་སྐོར་བརྗོད་ཡོད་ནའང༌། གྲྭ་བ་ཚོས་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་འཛུགས་དགོས་ལུགས་རྩོད་གླེང་བྱས་འདུག
༥)ཚེས་ ༡༧ ཉིན་རྒྱབ་ཐེ་བོ་རྫོང་བྲག་སྒམ་སྡེ་བའི་ཡུལ་མི་ ༢༠༠ ལྷག་གིས་ཞི་བའི་ངོ་རྒོལ་བྱེད་བཞིན་རྫོང་ཐོག་ཏུ་སྐྱོད་སྐབས་ཉེན་རྟོག་པ་དང་དམག་མི་གཡུ་བ་ཞང་དུ་བཀག་སྟེ། ཞི་བའི་ངོ་རྒོལ་བ་ཚོར་ཉེས་རྡུང་ཚབས་ཆེན་བཏང་ཡོད་འདུག
༦)ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པར་མཛོད་དགེ་རྫོང་ཁོངས་ཀིརྟིའི་དགོན་ལག་འབྲིང་བ་སུམ་མདོ་དགོན་པའི་གྲྭ་བ་རྣམས་ཀྱིས་སྣེ་ཁྲིད་དེ་སེར་སྐྱ་མི་མང་ ༢༠༠ ལྷག་གིས་འབྲིང་བ་ཞང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་ཡོད།
༧)ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨/༣༠ ཐོག་མཛོད་དགེ་ཁོངས་བྱམེ་དགོན་པའི་གྲྭ་པ་རྣམས་ཀྱིས་སྣེ་ཁྲིད་དེ་དགོན་གྲོང་གི་མི་མང་༣༠༠ལྷག་གིས་ཞིང་ཐོག་ཏུ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་འདུག
༨) ཚེས་ ༡༧ ཕྱི་དྲོའི་ཆུ་ཚོད་༦པར་འགུ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་སྟག་ལུང་དགོན་པའི་གྲྭ་པ་དང་མི་མང་ ༡༠༠༠ ལྷག་གིས་ཞི་བའི་སྐད་འབོད་བྱེད་ཀྱིན་རྫོང་ཐོག་ཏུ་བསྐྱོད་འདུག
༩)ཚེས་ ༡༧ ཉིན་ཕྱི་དྲོ་ཆུ་ཚོད་༧པར་འགུ་ལོག་གཅིག་སྒྲིལ་སྨིན་ཐང་ཞང་དུ་མི་མང་ ༡༠༠ ལྷག་གིས་ཞི་བའི་ངོ་རྒོལ་བྱས་འདུག
༡༠)ཚེས་ ༡༧ ཉིན་གྱི་མཚན་མོར་འགུ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་ཞང་ལུང་དཀར་དགོན་པའི་གྲྭ་པ་རྣམས་ཀྱིས་མར་མེ་ཁྲོམ་སྐོར་བྱས་འདུག
༡༡)ཚེས་ ༡༨ ཉིན་དཔལ་ཡུལ་ཞང་ཐོག་ཏུ་དཔལ་ཡུལ་སློབ་ཆུང་དང་མི་མང་གིས་ཞི་བའི་ངོ་རྒོལ་བྱས་པར་བརྟེན་མི་༡༢འཛིན་བཟུང་བཙོན་འཇུག་བྱས་འདུག
 ༡༢)ཚེས་ ༡༩ ཉིན་ཞོགས་ཀའི་ཆུ་ཚོད་ ༩ བའི་སྟེང་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་དང༌། སྦྲ་གསར་ཞང་གཉིས་ཀྱི་མི་མང་ཚོས་ཞི་བའི་ངོ་རྒོལ་བྱས་ཡོད། ད་ལྟ་འགུ་ལོག་གཅིག་སྒྲིལ་རྫོང་དུ་རྒྱ་དམག་ ༥༠༠ ལྷག་འབྱོར་ཡོད་ཅིང༌། སོག་རུ་མ་ཞང་དང་དཔལ་ཡུལ་ཞང་གཉིས་ཀར་དམག་མི་༡༠༠འབྱོར་ཏེ་དམ་དྲག་བྱེད་ཀྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply