༼ རྣམ་ཐར་དད་པའི་མཛེས་རྒྱན། ༽ དམ་པའི་རྣམ་ཐར། སྤྱི་ལོ་ ༢༠༠༥ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། རོང་བོ་བློ་བཟང་སྙན་གྲགས་ཡིན།
དེབ་འདིའི་ནང་དོན་གཙོ་བོ། སྐྱེ་བུ་དམ་པའི་རླབས་ཆེན་སྤྱོད་བཟང་གི་རྣམ་ཐར་ཡིན། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་འཇམ་པའི་དབྱངས་རྗེ་དགེ་འདུན་བསྟན་འཛིན་ལགས་ནི་སྤྱི་ལོ་ ༡༩༢༠ ལོར་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་རོང་བོ་ནས་སྐུ་འཁྲུངས་ཤིང་། དགོང་ལོ་དྲུག་སྟེ་ ༡༩༢༦ ལོར་རོང་བོ་གྲྭ་ཚང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས། སྤྱི་ལོ་ ༡༩༤༧ ལོར་རང་དགོན་དང་ཁ་གྱེས་ཏེ། དབུས་སུ་ཕེབས་ཏེ་དགའ་ལྡན་ཀླུ་འབུམ་ཁང་ཚན་དུ་ཞུགས་ཤིང་། དགེ་བའི་བཤེས་གཉེན་དུ་མ་སྤྱི་བོའི་རྒྱན་དུ་མཆོད་ཅིང་། གཞུང་ཆེན་བཀའ་པོད་ལྔའི་གནད་རྣམས་བཀྲོལ་བའི་རྟོག་གཞིགས་ཀྱི་ཤེས་པ་རབ་ཏུ་རྒྱས། སྤྱི་ལོ་ ༡༩༥༤ ཡས་མས་སུ་ཕྱིར་རང་དགོན་དུ་ཕེབས་ཏེ་སྐལ་ལྡན་བུ་སློབ་སྐྱོང་བའི་མཛད་བཟང་གི་འཁོར་ལོ་ཐུགས་གར་བཞེས་མ་ཐག ༡༩༥༨ ལོའི་ཆག་འཇིག་དང་། རིག་གནས་གསར་བརྗེ་ཆེན་པོའི་དུས་ཟིང་ཁྲོད། དམ་པ་ཁོང་ཡང་འཛིན་བཟུང་གིས་སྐུ་ངལ་ཚད་མེད་མྱངས། རྗེས་སུ་རིམ་གྱིས་ལྷོད་གཡེང་གི་རྣམ་པ་བྱུང་བ་ནས་བཟུང་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་སོགས་སྒྲུབ་པར་རྩེ་གཅིག་ཏུ་གཞོལ་བཞིན་འཚོ་ཞིང་བཞུགས་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།