ཐུགས་རྗེ་གཟིགས། རེ་བ་མ་རྒྱག།

བདུན་ཕྲག་སྔོན་མར་སྐུ་ཚབ་ཚོགས་པ་ཕྱིར་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་གིས་གཙོས་བོད་གཞུང་དམངས་གཉིས་ལ་ཐུགས་ཕམ་དང་བློ་འགྱོད་ཀྱི་གནས་ཚུལ་དེ་བསྒྲགས་སོང༌། དེའི་ཁར་སྐུའི་འཁྲུངས་སྐར་གྱི་ཕྱི་ཉིན་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་འདི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཡིན་པ་ཡང་བསྒྲགས། གཞོན་ལྷན་གྱི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་གིས་མིག་ཆུ་དང་ལྷན་དུ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ད་ནི་རྒྱ་ནག་ལ་རེ་བ་རྒྱག་རྒྱུ་མཚམས་འཇོག་གནང་རོགས། ཐུགས་རྗེ་གཟིགས་ཞེས་ཞུ་འབོད་བྱས་སོང༌།

ལོ་འདིར་རྒྱ་ནག་གཞུང་གི་ཉེས་འགེལ་དང་ཚིག་མཚོན་གྱི་མདའ་རྩེ་གཏོད་ས་གཙོ་བོ་ནི་གཞོན་ལྷན་ཆགས་ཡོད་སྟབས། ཕྱི་ཚེས་༨ ཉིན་འདི་གའི་གསར་འགོད་པ་ཆེད་དུ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་བ་རེ་ཟུང་ལ་ཁོང་རྣམ་པའི་དགོངས་ཚུལ་དང་བོད་དོན་གྱི་ཐོག་ལ་རེ་བ་ཅི་འདྲ་ཡོད་སྐོར་འདྲི་བར་ཕྱིན། གསར་འགོད་པ་སྤྱིའི་གོམས་སྲོལ་ལྟར་ཐོག་མར་ཚོགས་ཟུར་ལྷ་བཟང་ཚེ་རིང་ལགས་ཀྱི་མདུན་དུ་བཅར་སྐབས་ཁོང་གིས། གལ་སྲིད་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་སྒང་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་འདི་རྒྱལ་སྤྱིའི་ཁྲིམས་འགལ་གྱི་སྒྲིགས་འཛུགས་ཤིག་ཡིན་པར་བཤད་ཚེ། གཞི་རྩའི་རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པ་འདི་དེ་བས་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པ་མ་ཟད། འགྲོ་བ་མིའི་ཡ་རབས་ཀྱི་འགྲོ་སྟངས་ལ་ཡང་མི་མཐུན། རྒྱ་ནག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སྒང་ནས་བོད་དོན་གླེང་རྒྱུའི་གནས་བབ་དང་ཐོབ་ཐང་མེད། མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་དེའི་གཞུང་ནི་མི་རིགས་དེ་རང་གིས་ཐག་གཅོད་བྱེད་དགོས། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་འདི་རྒྱ་ཆེའི་བོད་མི་མང་ཡོངས་རྫོགས་ཀྱིས་ངོས་ལེན་ཡོད་པའི་གཞུང་ཞིག་ཡིན་པས། འདི་ཁྲིམས་མཐུན་ཡིན་མིན་ཡང་བོད་མི་རིགས་རང་གིས་ཐག་གཅོད་དགོས་པ་ལས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་ཐག་གཅོད་རྒྱུའི་དབང་ཆ་མེད་ཅེས་གསུངས་བྱུང༌།  

ཁོང་གིས་འབྲེལ་མོལ་ཐེངས་བདུན་པའི་མཇུག་འབྲས་སྐོར་ལ་གསུངས་དོན། ༡༩༧༩ ལོ་ནས་བཟུང་ང་ཚོས་ང་ཚོ་ཟ་མཁན་གྱི་མི་རིགས་ཤིག་ལ་རེ་བ་བརྒྱབས་ནས་བསྡད་པ་རེད། ལོ་དེར་ཏིན་ཞོ་ཕིན་གྱིས་བོད་རང་བཙན་ཕུད་པའི་གཞན་སྐད་ཆ་ཅི་ཡང་བཤད་ཆོག་པའི་གཡོ་སྒྱུའི་སྐད་ཆ་དེ་བཤད་པ་རེད། བོད་གཞུང་དབུ་འཁོར་ས་ཐོག་མ་ཡང་སྐད་ཆ་འདི་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཀྱིས་མི་ཕན་པ་དང་སྟོབས་ཆེན་རྒྱལ་ཁབ་ཚོ་རང་རང་གི་དཔལ་འབྱོར་ལ་མགོ་འཁོར་ཡོད་དུས་༧གོང་ས་མཆོག་དང་བོད་གཞུང་ལ་ཡང་ཐུགས་ཁག་ཡོད་པ་མ་རེད། ཡིན་ན་ཡང་ ༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་ལས་བསླབ་བྱ་ལེན་དགོས་པ་རེད། ངས་དབུ་མའི་ལམ་ཡག་པོ་མི་འདུག་ཅེས་བརྗོད་ཀྱི་མེད། གཙོ་བོ་རྒྱ་ནག་གིས་གཉིས་ཕན་གྱི་ལས་ཀ་ཞིག་བྱེད་མི་སྲིད་དེ། རྒྱ་ནག་བོད་ལ་ཡོང་དོན་ལམ་ནོར་ནས་ཡོང་བ་མ་རེད་ལ། བོད་ཡར་རྒྱས་གཏོང་གི་ཡོང་བའང་མ་རེད། རྒྱ་ནག་ཆེད་དུ་བོད་སར་བཙན་འཛུལ་བྱེད་དུ་ཡོང་བ་ཡིན་སྟབས་ང་ཚོས་ཕར་རེ་བ་རྒྱག་ས་ཡོད་པ་མ་རེད།ཅེས་དང༌། སྐུ་ཚབ་ཚོགས་པ་མཇལ་འཕྲད་གནང་ས་ནི་འཐབ་ཕྱོགས་གཅིག་གྱུར་པུའུ་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་འཐབ་ཕྱོགས་གཅིག་གྱུར་པུའུ་འདི་གོ་གནས་མཐོ་བོ་ཡིན་པར་བཤད་ཀྱིན་འདུག ཡིན་ན་ཡང་དེ་གོ་གནས་ཀྱི་སྐད་ཆ་མ་རེད། འཐབ་ཕྱོགས་གཅིག་གྱུར་པུའུ་ནི་གཞུང་གི་སྡེ་ཚན་མིན་པར་ཏང་གི་སྡེ་ཚན་ཡིན་པ་དང༌། ཆེད་དུ་གྲངས་ཉུང་མི་རིགས་གཅིག་སྡུད་དང་ལྟ་སྐྱོང་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན། ང་ཚོས་སྡེ་ཚན་འདི་དང་མཉམ་དུ་སྐད་ཆ་བཤད་ཀྱིན་ཡོད་པ་རེད། དེ་ཡིན་དུས་དང་པོ་ནས་བོད་མི་མང་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁྲོད་ཀྱི་གཅིག་ཡིན་པ་ཁས་ལེན་བྱས་ཟིན་པ་རེད། རྒྱ་ནག་གཞུང་གི་ཏང་དང་གཞུང་དེ་འདྲ་བོ་ཡོད་ཀྱང་རྒྱལ་སྤྱིའི་ཁྲིམས་ཀྱི་སྒང་ནས་སྐད་ཆ་བཤད་ན་ང་ཚོས་རྒྱ་ནག་གཞུང་མཉམ་དུ་སྐད་ཆ་བཤད་གིན་མེད་པར་དམར་ཤོག་ཚོགས་པའི་སྡེ་ཚན་ཞིག་དང་མཉམ་དུ་སྐད་ཆ་བཤད་གི་ཡོད་པ་རེད་ཅེས་གསུངས།

ད་རེབ་སྐུ་ཚབ་ཚོགས་པའི་ངོས་ནས་གཞོན་ལྷན་ལ་དྲག་སྤྱོད་པའི་ཞྭ་མོ་གཡོག་ཏུ་བཅུག་མེད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ལ། འདིའི་ཐད་ཁོང་གིས། ང་རང་ཚོགས་གཙོ་ཟུར་པ་ཞིག་ཡིན་པའི་ངོས་ནས། གཞོན་ནུ་ཚོགས་པས་དྲག་པོའི་ལས་འགུལ་ནམ་ཡང་སྤེལ་མ་མྱོང༌། རྩ་བའི་བོད་གཞུང་དང་གཞོན་ནུའི་ལངས་ཕྱོགས་མི་འདྲ་ཡང་ཞི་བའི་ལམ་ནས་འཐབ་རྩོད་བྱེད་གིན་ཡོད་པ་གཅིག་པ་རེད། སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ཡང་གཞོན་ལྷན་གྱི་མི་སྣ་ཟུར་བ་ཞིག་ཡིན་པའི་ཆ་ནས་གསལ་བཤད་བྱེད་རྒྱུའི་འགན་ཡོད་པ་རེད། བོད་མི་རིགས་ཀྱི་སྣོད་བཅུད་རྩ་མེད་བཟོ་བཞིན་པའི་སྐབས་ང་ཚོས་དེ་སྲུང་སྐྱོབ་བྱེད་ཆེད་ཞི་བའི་ལས་འགུལ་སྤེལ་བ་འདི་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་ལ་བརྩིས་ན་མི་འགྲིག་པ་རྒྱལ་སྤྱིའི་མི་ཚང་མས་མཁྱེན་ཐུབ་པ་ཞིག་རེད་ལ། འདིས་གཞོན་ལྷན་གྱི་་མཚན་དང་གཟི་བརྗིད་ལ་གནོད་གི་མ་རེད་ཅེས་གསུངས། ཁོང་ལ་དམིགས་གསལ་གྱི་གསུངས་རྒྱུ་འདྲ་ཡོད་མེད་དྲིས་སྐབས་ལྷ་བཟང་ཚེ་རིང་ལགས་ངུ་ཞོར་དུ། གཞིས་ལུས་མི་མང་གིས་ཤ་ཁྲག་ལུས་སྲོག་གི་འགྲོ་སོང་བཏང་ནས་རང་བཙན་གྱི་མེ་ཕུང་དེ་ཤི་རུ་མ་བཅུག་པའི་བཀའ་དྲིན་འདི་བརྗེད་ཐབས་མེད། ༧རྒྱལ་བ་རིན་པོ་དང་བོད་གཞུང་ཡིན་ན་ཡང་དངོས་ཡོད་གནས་ཚུལ་ལ་དགོངས་པ་བཞེས་དགོས་འ་རེད། དུས་ཚོད་རྫོགས་འགྲོ་གིན་ཡོད་དུས། ཐུགས་རྗེ་གཟིགས། རྒྱ་ནག་ལ་རེ་བ་རྒྱག་རྒྱུ་མཚམས་འཇོག་གནང་རོགས་ཞེས་གསུངས་བྱུང༌།
 
ཡང་འདི་གའི་གསར་འགོད་པས་གཞོན་ལྷན་གྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། དབུ་མའི་ལམ་འདིས་ང་ཚོའི་འཐབ་རྩོད་ལ་ཕན་པ་ཡོད་མེད་དེ་སྐད་ཆ་བཤད་སའི་རྒྱ་ནག་ལ་ལྟ་དགོས་པ་རེད། རྒྱ་ནག་གིས་ང་ཚོར་སྐད་ཆ་བཤད་དགོས་པའི་ཆབ་སྲིད་ཀྱི་དགོས་མཁོ་མཐོང་གིན་མེད་པ་དང༌། ཁོ་ཚོར་མཁོ་བ་དེ་ལག་ཏུ་བདག་ཚར་ཡོད་དུས་་ད་ལྟ་རྒྱ་ནག་ལ་ཡོད་པའི་འགན་ནི་རྒྱལ་སྤྱིའི་མིག་ལམ་ལ་གཙང་མ་བཟོས་ཏེ་བོད་དོན་ཞི་འཇགས་སུ་གཏོང་རྒྱུ་དེ་རེད་ཟེར་ལ། ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཟེར་ནས་བཤད་པ་དེ་ནི་རྒྱལ་སྤྱིའི་སྟེང་ང་ཚོའི་གཞུང་འདི་ལ་ངོས་འཛིན་བྱེད་མཁན་གྱི་སྲིད་གཞུང་མེད་པ་དེ་བཤད་ཀྱི་ཡོད་པ་རེད། ང་ཚོའི་འཐབ་རྩོད་འདི་བདེན་པ་དང་ལས་འགུལ་ཁག་ཁྲིམས་མཐུན་ཡིན་པ་རྒྱལ་སྤྱིའི་མི་དམངས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་གནང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌། 
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply