ཨི་རན་རྡུལ་ཕྲན་རྙོག་གླེང་དང་རྒྱལ་སྤྱིའི་གནོན་ཤུགས།

ཡུ་རོབ་མཐུན་ཚོགས་དང་ཨ་རི། ར་ཤི་ཡ་དང་རྒྱ་ནག  དབྱིན་ཇི་སོགས་ཀྱིས་ཨི་རན་ལ་རྒྱལ་སྤྱི་རང་བཞིན་གྱི་ཁེ་འབབ་ཅིག་སྤྲད་དེ་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་བའི་རེ་བ་བརྒྱབས་ཡོད་པ་དང༌། ཨི་སི་རེལ་གྱི་དམག་འཐབ་གནམ་གྲུ་བརྒྱ་ལྷག་གིས་དྲག་པོའི་དམག་སྦྱོང་ཞིག་བྱས་ཏེ་ཨི་རན་རྡུལ་ཕྲན་ལས་གཞིའི་སྟེང་དྲག་རྒོལ་བྱ་རྒྱུའི་འཇིགས་སྐུལ་གྱི་རྣམ་པ་བསྟན་ཡོད་ན་ཡང༌། ཨི་རན་གྱིས་རྡུལ་ཕྲན་ནུས་ཤུགས་དེ་ཞི་བའི་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པས་ང་ཚོས་ཐོབ་ཐང་དེ་དུས་ནམ་ཡང་བློས་གཏོང་བྱེད་ཀྱི་མིན་ཞེས་རྒྱལ་སྤྱིའི་གནོན་ཤུགས་ལ་མགོ་སྒུར་མེད་པ་རེད།
     ཉེ་ཆར་ཡུ་རོབ་མཐུན་ཚོགས་གཙོ་བྱས་པའི་ཨ་རི་དང་ར་ཤི་ཡ། རྒྱ་ནག དབྱིན་ཇི་སོགས་ཀྱིས་ཨི་རན་ལ་རྒྱལ་སྤྱི་རང་བཞིན་གྱི་ཁེ་དབང་ཁག་ཅིག་སྤྲད་དེ་ཨི་རན་གྱི་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་བའི་རེ་བ་བརྒྱབས་ཡོད་ནའང༌། ཨི་རན་ཕྱོགས་ནས་ང་ཚོར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁོང་ཚོའི་མཉམ་ཞི་མོལ་བྱེད་རྒྱུར་གྲ་སྒྲིག་ཡོད། ཡིན་ན་ཡང་ང་ཚོའི་རྡུལ་ཕྲན་ལས་གཞི་དེ་ཞི་བདེ་ཁོ་ནའི་ཆེད་ཡིན་པས་ལས་གཞི་དེ་མཚམས་འཇོག་བྱེད་རྒྱུ་ནི་དུས་ནམ་ཡང་ཁས་ལེན་མི་ཐུབ་པའི་གནད་དོན་ཞིག་ཡིན་ཞེས་ལན་འདེབས་བྱས་ཡོད་འདུག  ཡུ་རོབ་མཐུན་ཚོགས་དང་ཨ་རི་སོགས་ཀྱིས་ཨི་རན་ལ་རྒྱལ་སྤྱི་རང་བཞིན་གྱི་ཁེ་འབབ་ཁག་ཅིག་སྤྲད་ཡོད་པ་དེའི་ནང༌། གལ་སྲིད་ཨི་རན་གྱི་རྡུལ་ཕྲན་མཚོན་ཆར་བེད་སྤྱོད་ཐུབ་པའི་ཡུའུ་རན་ནུམ་བཟོ་སྦྱངས་མཚམས་འོག་བྱས་པ་ཡིན་ན། ཨི་རན་གྱི་ཕུགས་རྒྱང་རིང་བོའི་བདེ་ཐབས་ཐད་གྲོས་མོལ་བྱ་རྒྱུ་དང༌། ཨི་རན་ལ་ཞི་བའི་ཆེད་དུ་རྡུལ་ཕྲན་ནུས་ཤུགས་ཐོན་སྤེལ་བྱ་རྒྱུའི་ཐོབ་ཐང་ངོས་ལེན་དང་རྡུལ་ཕྲན་བཟོ་གྲྭ་གསར་རྒྱག་ཆེད་རོགས་སྐྱོར་བྱ་རྒྱུ། དེ་བཞིན་ཨ་རིའི་ཚོང་འབྲེལ་དང་དཔལ་འབྱོར་བཀག་རྒྱ་ཁག་ཅིག་ཕྱིར་འཐེན་བྱ་རྒྱུ་སོགས་ཚུད་ཡོད་འདུག ཨི་རན་གྱིས་གསང་བའི་ཐོག་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་འོག་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཁབ་དེར་ཚོང་འབྲེལ་དང་དཔལ་འབྱོར་སོགས་ཀྱི་བཀག་རྒྱ་ཐེངས་གསུམ་བཟོས་ཡོད། ཡིན་ན་ཡང་བཀག་རྒྱ་དེ་དག་གིས་ཨི་རན་ལ་ཤུགས་རྐྱེན་ཆེན་པོ་ཞིག་སྦྲོད་ཐུབ་མེད་པས་གནོན་ཤུགས་དེ་དག་ལ་མགོ་སྒུར་གྱི་མེད་པ་རེད།
   ཨི་སི་རེལ་དང་ཨི་རན་གཉིས་ནི་ལོ་རྒྱུས་རང་བཞིན་གྱི་དགྲ་ཁ་གཏད་གཉིས་ཡིན་ལ། ཨི་རན་དེ་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ན་དཀྱིལ་ཤར་ཡུལ་གྲུའི་ཞི་བདེ་དང་བདེ་འཇགས་ལ་དོ་ཕོག་ཆེན་པོ་དང༌། རྡུལ་ཕྲན་མཚོན་ཆ་དེ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པའི་དབང་བསྒྱུར་འོག་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཨི་སི་རེལ་གཞུང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་སེམས་ཁྲལ་འཕར་མ་ཞིག་སྤྲོད་བཞིན་ཡོད་པ་རེད། ཟླ་༦པའི་ནང་ཨི་སི་རལ་གྱི་དམག་འཐབ་གནམ་གྲུ་བརྒྱ་ལྷག་གིས་དྲག་པོའི་དམག་སྦྱོང་ཞིག་བྱས་ཡོད་ལ། དེ་ནི་ཨི་སི་རལ་ལ་ཨི་རན་རྡུལ་ཕྲན་ལས་གཞིའི་སྟེང་དྲག་རྒོལ་བྱེད་རྒྱུའི་འཇིགས་སྐུལ་དང་གྲ་སྒྲིག  དེ་བཞིན་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་ཐད་ཨི་སི་རལ་ལ་སེམས་ཁྲལ་ཆེན་པོ་ཡོད་པའི་རྣམ་པ་སྟོན་ཐབས་སོགས་ཡིན་ཚུལ་སྲིད་དོན་པ་ཁག་གིས་ངོས་འཛིན་བྱས་ཡོད། ཨི་སི་རལ་ཕྱོགས་ནས་དམག་སྦྱོང་དེའི་དམིགས་ཡུལ་ཐད་འགྲེལ་བརྗོད་གང་ཡང་བྱས་མེད་ན་ཡང་ཨི་རན་གྱིས་ཆེས་ཉེན་ཚབས་ཀྱི་བྱ་སྤྱོད་དེ་རིགས་ཨི་རན་སྟེང་ཡོང་མི་སྲིད་པ་ཞིག་ཡིན་ཚུལ་ལན་འདེབས་བྱས་ཡོད་འདུག  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་རྟོག་ཞིབ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ཀྱང་དྲག་རྒོལ་འདིས་ཨི་རན་ས་ཁུལ་དེ་མེ་ཕུང་ཞིག་ཏུ་བསྒྱུར་ངེས་ལ། འོན་ཀྱང་ད་ལྟའི་ཨི་རན་རྡུལ་ཕྲན་ལས་གཞིར་བལྟས་པ་ཡིན་ན་ཨི་རན་ཕྱོགས་ལ་རྡུལ་ཕྲན་ཉེན་ཚབས་ཆེན་པོ་ཞིག་ཡོད་པའི་ཡིད་ཆེས་བྱེད་ཀྱི་མེད་ཅེས་བརྗོད་ཡོད། ༡༩༨༡ལོར་ཨི་སི་རེལ་གྱིས་ཨི་རག་གི་རྡུལ་ཕྲན་བཙོ་སྦྱངས་ཀྱི་བལྟི་གནས་ཤིག་ལ་གནམ་ཐོག་ནས་དྲག་རྒོལ་བྱས་མྱོང་ཡོད་པ་རེད།
     ཨི་སི་རེལ་ཕྱོགས་ནས་ཐེངས་འདིའི་དམག་སྦྱོང་ཐད་འགྲེལ་བརྗོད་ཁ་གསལ་ཞིག་བྱས་མེད། ཡིན་ན་ཡང་ཨ་རིའི་ཕྱོགས་ནས་ཐེངས་འདིའི་ཨི་སི་རེལལ་ཨི་རན་སྟེང་དྲག་རྒོལ་ཐུབ་པའི་ནུས་པ་ཆ་ཚང་ཡོད་པའི་རྣམ་པ་སྟོན་ཐབས་དང་དེ་བཞིན་དགོས་ངེས་བྱུང་ན་ཨི་རན་སྟེང་དྲག་རྒོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་ཚུལ་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply