བོད་དོན་གྱི་ཧི་མ་ལ་ཡའི་ཆག་འཇིག

ཧི་མ་ལ་ཡའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་བོད་པ་ཡིན་ལ། འདི་གནས་མ་གནས་ནི་བོད་ཀྱི་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ངས་༧གོང་ས་མཆོག་གི་བུ་སློབ་དུ་གྱུར་པའི་ཧི་མ་ལ་ཡའི་ནང་པའི་མི་དམངས་ཚང་མའི་ཚབ་བྱས་ཏེ་བོད་ཀྱི་གནད་དོན་འདི་མུ་མཐུད་ནས་འཐབ་རྩོད་བྱེད་རོགས་ཞུ་རྒྱུ་ཡིན་ཞེས་ཨ་རུ་ན་ཅལ་གྱི་གྲོས་ཚོགས་འཐུས་མི་མཚོ་སྣ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་གསུངས་ཡོད།

ཕྱི་ཚེས་ ༦ ཉིན་མཚོ་སྣ་རིན་པོ་ཆེ་མཆོག་༧སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་རྟེན་འབྲེལ་དུ་ཕེབས་ཡོད་པ་དང༌། ཉིན་དེར་ཁོང་གིས་བོད་མི་ཚོར་གསུངས་དོན། ངས་མོན་རྟ་དབང་ནས་སྟོད་ལ་དྭགས་བར་ཡོད་པའི་་ཧི་མ་ལ་ཡའི་ནང་པའི་མི་དམངས་ཚང་མའི་ཚབ་བྱས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་གནས་པ་རྣམས་ནི་རྩ་བའི་ཆ་ནས་མི་རིགས་གཅིག་པ་ཆགས་ཡོད་པ་དང༌། ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ཕྱོགས་གང་ཐད་ནས་བོད་མི་སྤུན་ཟླ་རྣམས་དང་འབྲལ་དུ་མེད། གཅིག་གྱུར་ངང་ཡོད་པའི་ཧི་མ་ལ་ཡའི་སྤྱི་ཚོགས་ཀྱི་ཆེད་དུ་ ༡༩༡༤ ལོར་སིམ་ལ་ནས་བོད་དང་དབྱིན་ཇི་བར་བཞག་པའི་ཆིངས་ཡིག་གི་དུས་དྲན་སྲུང་གཙི་བྱས་ཤིང༌། ཧི་མ་ལ་ཡའི་མངའ་སྡེ་ཡི་འཐུས་མི་རྣམ་པ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ། ཧི་མ་ལ་ཡའི་ཆོས་དང་རིག་གཞུང་འཛིན་སྐྱོང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཚང་མས་མཉམ་རུབ་བྱས་ཏེ་ད་རེབ་དུས་དྲན་སྲུང་གཙི་བྱས་ཡོད། འདིས་གནའ་སྔ་མོ་ནས་བོད་རང་བཙན་གཙང་མ་ཡིན་པ་དང༌། སོ་སོའི་ས་མཚམས་ཀྱི་གནད་དོན་ཡང་སོ་སོའི་གཞུང་དང༌། མི་དམངས་ཀྱིས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་པ་གསལ་བོ་ཆགས་ཡོད།  ཆིངས་ཡིག་གི་ཐོག་ནས་དུས་དྲན་སྲུང་ཡོང་དུས་འཛམ་གླིང་ལ་བདེན་དོན་ཞུ་ཐུབ་ཡོད་པ་རེད་བསམ་གྱིན་ཡོད་ཅེས་དང༌། བོད་མི་མང་པོ་ཞིག་གིས་རྒྱ་གར་གྱི་སྲིད་བློན་ནེའུ་རོ་ཡིས་བོད་འདི་རྒྱ་ནག་གི་ཆ་ཤས་ཅིག་རེད་ཅེས་ཞུས་ཡོད་པར་བསམ་་གྱི་ཡོད་པ་རེད། རྒྱ་གར་གཞུང་ནས་ཀྱང་སྐད་ཆ་འདིར་སྲིད་ཇུས་ཀྱི་སྒང་ལ་ངོས་འཛིན་ཞིག་བྱེད་གྱིན་ཡོད་པ་དེ་གསལ་བོ་ཆགས་ཡོད་པ་རེད། ཡིན་ན་ཡང་གཞུང་གི་སྲིད་ཇུས་དང་མི་དམངས་ཀྱི་གནས་སྟངས། ཁྲིམས་ལུགས་སོགས་གང་ཡིན་རུང་དུས་སྐབས་དང་མི་མང་གི་དགོས་མཁོར་བསྟུན་ནས་འགྱུར་བ་གཏོང་གིན་ཡོད་པ་རེད་མ་གཏོགས་རྟག་བརྟན་འགྱུར་བ་མེད་པ་དེ་འདྲ་མ་རེད།  ཕལ་ཆེར་སྐབས་དེ་དུས་རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་ཁ་ཤས་ལས་འགོར་མེད་པ་མ་ཟད།  མི་མང་གི་གནས་སྟངས་དང་དཔལ་འབྱོར།  མི་མང་གི་བསམ་ཚུལ་སོགས་ཕྱོགས་གང་ཅིའི་ཐད་ནས་བཀའ་མོལ་དེ་འདྲ་ཞིག་གསུངས་དགོས་པ་ཞིག་དང༌།  མི་གསུང་ཐབས་མེད་ཅིག་ཏུ་ཆགས་ཡོད་པ་རེད་བསམ་གྱིན་ཡོད་ཅེས་གསུངས་སོང༌།

ཁོང་གིས་མུ་མཐུད་ནས་གཏམ་བཤད་སྤེལ་དོན། ཁ་ཉིན་བོད་ནང་དུ་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་མི་མང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱིས་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེན་གནང་སྐབས། ཕྱི་ནང་གི་གསར་འགོད་པ་མང་པོས་ང་ལ་སྐད་ཆ་མང་པོ་དྲིས་བྱུང༌། ངས་གསལ་པོ་བྱས་ནས་ཞུས་ཡོད། སྔར་གྱི་གནས་ཚུལ་དང་ད་ལྟའི་གནས་ཚུལ་ལ་འགྱུར་བ་སོང་ཡོད་པ་རེད་ལ། གནས་སྟངས་མི་འདྲ་བའི་འོག་རྒྱ་གར་གཞུང་གི་སྲིད་བྱུས་ལའང་འགྱུར་བ་མེད་པ་མ་རེད། འགྱུར་བ་གཏོང་ཆོག་གི་རེད། ད་ལྟ་རྒྱ་གར་གཞུང་དང་མི་མང་གི་དགོངས་ཚུལ་ནི་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་དང་ཤེས་རིག་སོགས་གང་ཅིའི་ཐད་ནས་གོམ་པ་མཉམ་སྤོ་དང༌། དེ་ལས་ཀྱང་གོམ་པ་ཁ་ཤས་ཀྱི་སྔོན་ལ་འགྲོ་དགོས་པའི་དགོངས་པ་བཞེས་ཀྱིན་ཡོད་པ་ལས་རྗེས་ལ་ལུས་ན་དགོངས་གྱིན་ཡོད་པ་མ་རེད། དེ་ལ་བརྟེན་ནས་འགྱུར་བ་དང་ཡར་རྒྱས་འགྲོ་གི་ཡོད་པ་རེད། ད་སྐབས་ཏན་ཏན་ཆུ་ཚོད་དེ་ལ་སླེབས་བསྡད་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་ནས་བོད་དེ་རང་བཙན་ཡིན་པའི་ཁུངས་སྐྱེལ་བྱེད་དགོས་པ་དང༌། ད་སྐབས་༧གོང་ས་མཆོག་གི་གཉིས་ཕན་གྱི་ལམ་དབུ་མར་རྒྱབ་སྐྱོར་བྱེད་དགོས་ཟེར་ནས་གསུངས་དགོས་པའི་དུས་ཚོད་ལ་སླེབས་ཚར་བ་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གསལ་པོ་ཞུས་པ་ཡིན།  ད་རེབ་ཀྱི་འདུ་འཛོམས་འདི་ཧ་ལས་པའི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཡོད།   ང་རང་ཚོའི་བོད་མི་སྤུན་ཟླ་རྣམ་པ་དང་གཞུང་མང་ཚང་མ་ལ་ང་རང་སྒེར་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར།   ༧གོང་ས་མཆོག་གི་བུ་སློབ་ཡིན་བསྡད་པའི་ཧི་མ་ལ་ཡའི་ནང་པའི་མི་མང་ཚང་མའི་ཚབ་བྱས་ཏེ་བོད་ཀྱི་གནད་དོན་མུ་མཐུད་ནས་འཐབ་རྩོད་བྱེད་རོགས་ཞུ་རྒྱུ་ཡིན་ཅེས་གསུངས་བྱུང༌། 

ཁོང་གིས་སྔ་ཉིན་དེར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐོར་ལ་གསུངས་དོན། ཁ་སང་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམ་པ་དང་མགོ་ཁྲིད་ཁ་ཤས་བཅས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་དུས་བཀའ་ཕེབས་པ་ལྟར་ན། དང་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའོ་ཅིན་ཐའོ་ཡིས་༧གོང་ས་མཆོག་གི་སྐུ་ཚབ་ཚོར་རེ་བ་ཡོད་ཚུལ་དང་རྒྱ་གཞུང་གིས་ཀྱང་གཞུང་འབྲེལ་གྱི་སྐུ་ཚབ་ལ་ངོས་ལེན་ངང་སྐད་ཆ་བཤད་ཀྱི་ཡིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད། རེ་བ་དང་རྣམ་འགྱུར་ནང་བཞིན་རྒྱ་ནག་གི་བསམ་བློ་ལ་ད་ལྟ་ཡིན་ནའང་འགྱུར་བ་འགྲོ་བཞིན་མི་འདུག་ཅེས་གསུངས་བྱུང༌། ཡིན་ན་ཡང་བོད་ཀྱི་བདེན་པའི་འཐབ་རྩོད་དེ་རྒྱ་ནག་གི་དྲག་གནོན་འོག་ཡལ་འགྲོ་བ་ཞིག་གཏན་ནས་མ་ཡིན་པར་འགྲོ་བ་མིའི་སྤྱི་ཚོགས་ནང་དུ་འཐབ་རྩོད་འདི་འདྲ་ཡལ་འགྲོ་བ་ཡོང་མི་སྲིད། རྒྱ་གར་གྱི་རང་བཙན་ལོ་ ༢༠༠ རྗེས་ལ་རག་པ་རེད་མ་གཏོགས་ལོ་ཁ་ཤས་ནང་ལ་རག་པ་མ་རེད།  དེ་ཡིན་དུས་ཆོས་གྲོགས་རྣམ་པར་ཞུ་རྒྱུར། བོད་རིགས་ཀྱི་སྤྱི་ཚོགས་དང་དེའི་ངོ་བོ་མཚོན་བྱེད་ཀྱི་ཆོས་དང་རིག་གཞུང་དེ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད། ཆོས་དང་རིག་གཞུང་ད་ལྟའི་མི་ཐོག་འདིར་བརླག་པ་ཡིན་ན་ལོ་ ༢༠༠ རྗེས་ནས་བསྐྱར་གསོ་བྱེད་ཐུབ་གི་མ་རེད། ཡིན་ན་ཡང་བོད་རང་བཙན་དང་རང་དབང་ཟེར་བ་ལོ་ ༥༠༠ འགོར་ཡང་འགྲོ་བ་མི་ལ་རང་བྱུང་གིས་ཡོད་སྟབས་ཕྱིར་རག་གི་རེད། བོད་ཀྱིས་ཐུགས་ཁུར་བྱེད་བཞིན་པའི་ཆོས་དང་རིག་གཞུང་འདི་ང་ཚོའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚང་མར་འབྲེལ་བ་ཡོད་པ་རེད་ལ་ཁེ་ཕན་ཆེན་པོ་ཡོད་པ་དང༌།  ང་ཚོའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་བོད་པ་ཡིན་ལ་འདི་གནས་མ་གནས་བོད་དོན་དང་འབྲེལ་བ་དམ་ཟབ་ཡོད་པས།  བོད་ཀྱི་གནད་དོན་འདི་ང་ཚོའི་ཁེ་ཕན་ལའང་རག་ལས་ཡོད།  དེ་རིང་ཧི་མ་ལ་ཡའི་རི་རྒྱུད་ནས་མི་མང་མི་ཉུང་པ་ཞིག་ཡོང་ཡོད་ལ།  བོད་གཞུང་གི་མགོ་ཁྲིད་དང་མི་མང་ཡོད་ས་ནས་ངས་རེ་འདུན་ཞུ་རྒྱུ་ནི།  གནའ་ནས་ད་བར་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དམངས་དང་བོད་པའི་བར་གྱི་ཕ་མེས་ནས་ཡོད་པའི་འབྲེལ་བ་འདི་མུ་མཐུད་ནས་ཇེ་བརྟན་ཡོང་རྒྱུ་དང༌། ང་ཚོ་ཚང་མས་ཐུན་མོང་གིས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་གསོལ་བ་སྙིང་ནས་འདེབས། ཞེས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply