གོམ་པ་ཕྱི་མ་དག

ལོ་དྲུག་རིིང་གི་བོད་རྒྱའི་འབྲེལ་མོལ་གྱི་མཐའ་འབྲས་དབང་གིས་༧གོང་ས་མཆོག་དང་བཀའ་ཁྲི་གཉིས་ཀར་ཐུགས་ཕམ་བྱུང་ཞིང་། ཁོང་རྣམ་གཉིས་ཀྱི་ཐུགས་ཕམ་འདིས་བོད་མི་རིགས་ལ་སྤྲད་པའི་གོ་བརྡ་མཐའ་མ་ནི་བོད་ཀྱི་སྣོད་བཅུད་ཙམ་མ་ཡིན་པར། ད་ཆ་བོད་དོན་གྱི་འཐབ་རྩོད་འདིའང་རྒྱ་ལག་ཏུ་ཤོར་ཞིང་། ཁོང་ཚོས་ཚུར་བོད་དོན་བཤད་པ་མ་གཏོགས། ཕར་མི་ཉན་པའི་གནས་སྟངས་འདི་རེད།

དེ་ལྟར་ཡང་། བོད་མི་རིགས་ཀྱིས་བོད་དོན་བཤད་ཅིང་། བོད་དོན་བརྩད་པའི་རིམ་པ་དང་འདིའི་ཁྲོད་ཀྱི་ཁྲག་དང་མིག་ཆུའི་གྲོན་དང་སྒྲུང་ཡོད་ཚད་ད་དུང་ཡང་རྒྱལ་སྤྱིའི་གསར་ཤོག་ཁག་གི་མདུན་ངོས་ཀྱི་མགོ་བརྗོད་འོག་པར་རིས་དང་བཅས་གསལ་བོར་བཀོད་ཡོད། དེར་བརྟེན་ང་ཚོས་འཛམ་གླིང་མི་དམངས་ཀྱི་སེམས་ངོས་སུ་གསལ་ལེར་ཡོད་པའི་སྐབས་འདིར་མི་རིགས་འདིའི་འཐབ་རྩོད་ཀྱི་གོམ་པ་ཕྱི་མ་དག་གང་དུ་སྤོ་དགོས་མིན་ཐག་གཅོད་པའི་དུས་ཡིན།

རྒྱ་ནག་གིས་ཚུར་བོད་དོན་བཤད་ཀྱིན་དུ་ཕར་མི་ཉན་པའི་སྐབས་འདིར། ང་ཚོས་རང་ཕྱོགས་ཀྱི་ཆ་རྐྱེན་དང་དགོས་འདུན་ཁག་ཚོང་གཏམ་པ་ལྟར་མར་གཅོག་པ་ནི་འཐབ་བྱུས་ཅི་ཡང་མིན་ལ། ད་ཆ་རྒྱ་གཞུང་གིས་བོད་མི་རིགས་ལ་བཟུང་བའི་རྩ་བའི་སྲིད་བྱུས་ལ་འགྱུར་བ་ཅི་ཡང་མེད་ཁར། བཙན་བྱོལ་བོད་གཞུང་དང་འདིའི་སྒྲིག་འཛུགས་ཁག་གཏོར་རྒྱུའི་འཐབ་བྱུས་འཐེན་གྱིན་ཡོད།

ད་ནི་ང་ཚོར་ལམ་སེང་དྲན་ཐུབ་པའི་གདམ་ཀ་གཉིས་ཡོད་ལ། གདམ་ཀ་དང་པོ་ནི། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གཉིས་ཀྱིས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་ཚོར་འབྲེལ་མོལ་བྱེད་པའི་རིམ་པ་འདི་མཚམས་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་འཛུགས་བྱས་པའི་བོད་རྒྱ་ཞི་མོལ་གྱི་འབྲེལ་མཐུད་པ་ཞིག་གམ། ཡང་ན། བོད་རྒྱ་ཕྱོགས་གཉིས་ཀས་ངོས་ལེན་བྱེད་ཐུབ་པའི་རྒྱལ་ཁབ་གསུམ་པ་ཞིག་གིས་བོད་རྒྱའི་གཟུ་དཔང་བྱེད་པར་ཞུ་སྐུལ་བྱེད་རྒྱུ་དང་། སྐུ་ཚབ་གང་འདྲ་ཞིག་བྱུང་ནའང་གྲོས་གཞི་ནི་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་སྟེང་ནས་བོད་དོན་སེལ་ཐབས་གནང་རྒྱུ་དེ་ཡིན། ༧གོང་ས་མཆོག་གིས་ཡང་ནས་ཡང་དུ་བོད་རྒྱ་གཉིས་ཀྱི་བར་དུ་རྒྱལ་ཁབ་གསུམ་པ་ཞིག་དགོས་དོན་མི་འདུག་ཅེས་གསུང་བཞིན་ཁོང་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་མངགས་ནའང་། རྒྱ་ནག་གི་ཕྱོགས་ནས་ཡ་ལན་མེད་ཁར། ད་དུང་གཞུང་སྒེར་ཚང་མར་སྐྱོན་བརྗོད་བྱེད་སྟངས་ཤུགས་ཆེ་རུ་གཏོང་གི་ཡོད་སྟབས། ང་ཚོས་ཞི་མོལ་འདི་ཡོང་མིན་ལ་མ་ལྟོས་པར་གང་ཟག་གམ་རྒྱལ་ཁབ་གསུམ་པ་ཞིག་བརྒྱུད་དེ་བོད་དོན་འདི་རྒྱལ་སྤྱིའི་གྲོས་རིམ་ཞིག་གི་ནང་དུ་འཇུག་རྒྱུ་ནི་གལ་ཆེ་བར་འདོད། འདི་ནི་ལྷག་པར་དུ་༧གོང་ས་མཆོག་སྐུ་མི་བཞུགས་དུས་གལ་ཆེར་གྱུར་འདུག

གདམ་ཀ་གཉིས་པ་ནི། བོད་མི་རིགས་ཀྱིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བརྩོད་ལེན་བྱེད་རྒྱུ་དེ་རེད། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་ཆོག རྒྱལ་ནང་གི་སྲིད་བྱུས་ཇི་ཙམ་གྱིས་མཁྲེགས་འཛིན་བྱས་ཀྱང་རུང་། མདོ་དོན་ལོ་འདིར་གཞིས་ལུས་མི་དམངས་ཀྱིས་རང་སྲོག་བློས་བཏང་གིས་བོད་དོན་སྐད་འབོད་དང་ཁྲོམ་སྐོར་བྱས་པ་དང་། རྒྱ་བལ་གཉིས་གཙོ་བྱས་པའི་རྒྱལ་སྤྱིའི་སྟེང་གི་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ཞི་བའི་ངོ་རྒོལ་རིམ་པར་བྱས་པ་འདིས་བོད་མི་རིགས་ལ་རང་གི་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབ་ཐག་གཅོད་ཕྱོགས་ཀྱི་བསམ་ཚུལ་ཤུགས་ཆེན་པོ་དང་བརྟན་པོ་ཡོད་པ་གསལ་བོར་བསྟན་ཡོད་ལ། ང་ཚོས་གནད་འགག་འདི་ཤོར་ཏུ་བཅུག་ཚེ་འདིའི་རྗེས་ནས་གཞིས་ལུས་མི་དམངས་ཀྱི་བློས་གཏོང་ཡང་གང་འདྲ་ཞིག་ཆགས་རྒྱུ་བཤད་མི་ཐུབ་ལ། རྗེས་ཕྱོགས་རྒྱལ་སྤྱིའི་སྟེང་ནས་ཀྱང་བོད་དོན་ལ་བདག་རྒྱག་པའི་གོ་སྐབས་ཤིག་ཤར་ཐུབ་མིན་བཤད་ཁག་པར་འགྱུར་པར་འདོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply