བོད་མི་ ༦༠༠ ལས་ཀ་ནས་ཕྱིར་འཕུད་བྱས་པ།

བོད་ས་སྟོད་སྨད་བར་གསུམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེ། རྒྱ་ནག་གཞུང་གིས་མི་རིགས་གཉིས་བར་གྱི་འགལ་བ་ཡིན་ཚུལ་གྱི་དཀྲོགས་གཏམ་སྤེལ་བར་བརྟེན། བོད་ནང་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་རིགས་ཤིག་གིས་མི་རིགས་དབྱེ་འབྱེད་བྱས་པར་བོད་པ་ཚོས་ངོ་རྒོལ་བྱས་པ། ཁ་བྲལ་རིང་ལུགས་པར་ལྐོག་འབྲེལ་ཡོད་པར་བསྙད་དེ། འཛིན་བཟུང་བཀག་ཉར་དང་བཅར་རྡུང་དྲག་པོ་བྱས་ཡོད་པ་མ་ཟད། གཏེར་ཁུངས་དེར་ལས་གླ་བྱེད་མཁན་བོད་པ་ ༦༠༠ ཡོད་པ་སྡེབ་གཅིག་ཏུ་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདས་པའི་ལོ་བཞིའི་གོང་དུ་མིང་ལ་ཧོ་ཅེ་ཧྥུ་ཟེར་བའི་རྒྱ་རིགས་ཤིག་གིས་ཟི་ལིང་གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༡༢༠ ཙམ་གྱི་སར་ཡོད་པའི་ཐེམ་ཆེན་རྫོང་ཁོངས་སུ་རྒྱ་མི་ ༣༠༠ ཙམ་ཁྲིད་ཡོང་སྟེ། མཚོ་སྔོན་ཐེམ་ཆེན་རྫོང་ཚ་རུ་ཡུལ་ཚོའི་འབྲོག་ཁུལ་ནས་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱེད་མགོ་བཙུགས་ཡོད་པ་དང་། ད་ལྟ་གཏེར་ཁུང་དེ་གཞི་རྒྱ་ཇེ་ཆེར་བཏང་ཞིང་། རྒྱ་བོད་སོག་གསུམ་གྱི་ལས་བཟོ་བ་ཧ་ཅང་མང་པོ་ཡོད་པ་དང་། རླངས་འཁོར་ཆེ་བ་ ༣༠༠༠ ཙམ་གྱིས་རྒྱང་ཐག་སྤྱི་ལེ་ ༡༤༥ ཙམ་གྱི་སར་ཡོད་པའི་མི་རུ་རྫོང་དུ་རྡོ་སོལ་སྐྱེལ་འདྲེན་བྱེད་ཀྱིན་ཡོད་འདུག དེར་བོད་པའི་རླངས་འཁོར་ ༣༠༠ ཡོད་པ་ལས། རླངས་འཁོར་ཆེ་བ་ ༡༣༠ ཙམ་མདོ་སྨད་ཐེ་བོ་འབྲུག་དཀར་གཙང་བོའི་རླངས་འཁོར་རུ་ཁག་ནས་ཡིན་ཞིང་། རླངས་འཁོར་རེ་རེའི་རིན་གོང་རྒྱ་སྒོར་ཁྲི་ ༣༠ ནས་ ༤༠ བར་ཡིན་འདུག

ད་ལོ་སྤྱི་ཟླ་ ༤ བ་ཙམ་ནས་གཏེར་ཁུངས་དེའི་མགོ་བས་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་བཟུང་སྟེ། རླངས་འཁོར་ནང་རྡོ་སོལ་ལྡུག་སྐབས་རྒྱ་མི་རྣམས་བང་སྒྲིག་མི་དགོས་ཤིང་། བོད་པ་ཚོས་བང་བསྒྲིགས་ཏེ་ཡུན་རིང་སྒུག་དགོས་པའི་གནས་སྟངས་བྱུང་སྟབས། ཐོག་མར་མདོ་སྨད་ཐེ་བོ་འབྲུག་དཀར་གཙང་བོའི་རླངས་འཁོར་རུ་ཁག་གིས་དྲང་བདེན་མིན་པའི་བྱ་སྤྱོད་དེར་ངོ་རྒོལ་དང་། རུ་གཙོ་པད་མ་རྟ་མགྲིན་གྱིས་བསམ་འཆར་བཏོན་པར། ས་གནས་ཉེན་རྟོག་པས་ཁོང་ཉིན་བཅུའི་རིང་བཙོན་འཇུག་བྱས་ཤིང་། ཉིན་འགའི་རྗེས་སུ་རྡོ་སོལ་སྔོག་འདོན་བྱེད་མཁན་མགོ་བ་དང་ཁོའི་ཕྱིགས་གཏོགས་རྒྱ་མི་ཚོས། ད་ལོ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫོང་ཁག་བཅུ་གསུམ་ཡོད་པའི་ནང་གི་ཆེས་ཐོག་མར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་ཡིན་སྟབས། མདོ་སྨད་ཐེ་བོ་འབྲུག་དཀར་གཙང་པོའི་རླངས་འཁོར་རུ་ཁག་གི་མི་རྣམས་བཀག་ཉར་གྱིས་ལག་ཁྱེར་ཁ་པར་སྔོག་བཤེར་བྱེད་སྐབས། ༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱ་དར། དེ་བཞིན་རྒྱ་གར་དུ་ཡོད་པའི་སྤུན་ཉེ་དང་གྲོགས་པོ་ཚོའི་ཁ་པར་ཨང་གྲངས་སོགས་ཡོད་སྟབས། ཟླ་ ༦ ཚེས་ ༨ ཉིན་མཛོ་དགེ་རྫོང་གི་ཉེན་རྟོག་པ་དང་མཚོ་སྔོན་ས་གནས་ཉེན་རྟོག་པ་མཉམ་འབྲེལ་གྱིས་མི་སྣ་གཙོ་གྲས་ ཁག་ཉིན་བཅུའི་རིང་བཙོན་འཇུག་བཀག་ཉར་བྱས་ཏེ། ཚ་འདྲི་དང་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་མ་ཟད། དེའི་ཁྲོད་ཐེ་བོ་ལྷ་མོ་སྐྱབས་ཞུ་བར་རྨས་སྐྱོན་ལྕི་མོ་ཕོག་སྟེ། རྒྱ་སྒོར་ ༦༠༠༠ ལྷག་གི་སྨན་བཅོས་བྱེད་དགོས་བྱུང་ཡོད་འདུག

སྤྱིར་བཏང་སྔོན་མ་རླངས་འཁོར་ཆེ་གྲས་ཁག་ལ་རྒྱ་སྒོར་ཁྲི་ ༥ ནས་ ༨ བར་དང་། ཆུང་བར་རྒྱ་སྒོར་ཁྲི་ ༣ ཙམ་གྱི་ཡོང་འབབ་ཡོད་སྟབས། ཐེངས་འདིར་བོད་པ་ཚོར་གྱོང་གུད་ཚབས་ཆེན་ཕོགས་ཡོད་པ་དང་། དྲང་བདེན་མིན་པའི་ཉེས་འཛུགས་དེ་གོང་རིམ་ལ་ཞུ་གཏུགས་བྱས་ཀྱང་། གཏེར་ཁུངས་མགོ་བའི་རྒྱབ་རྩར་རྒྱ་ནག་དབུས་གཞུང་གི་མཐོ་རིམ་མགོ་ཁྲིད་འགའ་རེ་ཡོད་སྟབས་ཡ་ལན་གང་ཡང་བྱས་མེད། དེར་བརྟན་བོད་པ་རྣམས་ཨུ་ཐུག་སྟེ། བོད་པས་བོད་ས་ནས་ལས་གླ་བྱེད་མི་མཆོག་ན། རྒྱ་མིར་དེ་བས་ཐོབ་ཐང་མེད་ཅེས། ས་དེའི་ལམ་ཁ་ཡོངས་གཏོར་བཅོམ་བྱས་ཏེ། ཉིན་འགའི་རིང་ས་དེའི་ལམ་ཁ་ཚང་མ་བཀག་འགོག་བྱས་ཡོད་འདུག དེ་ལྟར་གནས་ཚུལ་ཉིན་རེ་ལས་ཉིེན་རེར་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད་སྟབས། གཏེར་ཁུངས་དེར་ལས་ཀ་བྱེད་ཀྱིན་པའི་བོད་རིགས་ ༦༠༠ ལྷག་ཡོད་པ་ཚང་མ་ཕྱིར་འཕུད་བྱས་ཡོད་འདུག

འབྲུག་དཀར་གཙང་བོའི་རླངས་འཁོར་རུ་ཁག་དེ་ནི་སྤྱི་ལོ་ ༡༩༨༠ ལོར་གསར་དུ་བཙུགས་ཤིང་། ཚོགས་པ་དེ་ནི་བོད་རིགས་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བ་ཚོའི་སྐྱིད་སྡུག་ལ་ལྟ་རྟོག་བྱེད་མཁན་སྒེར་གྱི་ཚོགས་པ་ཞིག་ཡིན་ལ། བོད་པ་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བ་སུ་འདྲ་ཞིག་ཡིན་ནའང་ས་ཁོངས་ལ་དབྱེ་བ་མེད་པར་འཛུལ་ཞུགས་བྱ་ཆོག་ཅིང་། ཐེངས་འདིར་ས་གནས་དེའི་བོད་རིགས་ལས་ཀ་བ་རྣམས་ལ་ཐེབས་པའི་གྱོང་གུད་ཉུང་མཐར་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ ༡༥༠༠༠༠༠༠ ཙམ་ཟིན་ཡོད་པ་དང་། རྒྱ་རིགས་དེ་ཚོའི་བྱེད་སྟངས་འདིས་འབྲུག་དཀར་གཙང་བོའི་རླངས་འཁོར་རུ་ཁག་གིས་མཚོན་པའི་བོད་མི་ལས་གླ་བྱེད་མཁན་ཡོངས་ལ་ཤུགས་རྐྱེན་ངན་པ་བཞག་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply