མ་ཁིན་གྱི་མཇལ་འཕྲད།

ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་བྷ་རག་ཨོ་བྷ་མས་སྲིད་འཛིན་འོས་ཤོག་གི་ལས་འགུལ་ཆེད་ཨེ་ཤ་ཡ་དང་དབུས་ཤར་ཡུལ་གྲུ། ཡུ་རོབ་བཅས་སུ་ཕེབས་ཀྱིན་ཨ་རིའི་དབུ་ཁྲིད་གསར་པ་ཞིག་གི་མིག་རྒྱང་དང་དམ་བཅའ་སོགས་སྒྲོག་གིན་ཡོད་ལ། ཕྱིར་ཨ་རིའི་ཡུལ་དུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་གཞི་རྗོན་མ་ཁིན་གྱིས་ཁོང་ཉིད་ཏཱ་ལའི་བླ་མར་མཇལ་འཕྲད་གནང་གི་ཡིན་ཟེར་ལ། ༧གོང་ས་མཆོག་ནི་ཉིན་འདི་དག་རིང་ཨ་རིའི་སྐུ་མགྲོན་ཡིན།

༧གོང་ས་མཆོག་དང་རྗོན་མ་ཁིན་ལགས་གཉིས་ཕྱི་ཚེས་ ༢༥ ཉིན་ཁོ་ལོ་ར་ཌོ་རུ་མཇལ་འཕྲད་གནང་འཆར་ཡོད་ཅེས་རྗོན་མ་ཁིན་གྱི་ལས་འགུལ་གོ་སྒྲིག་ཚོགས་པས་གསལ་བསྒྲགས་སྤེལ་ཡོད་པ་རེད། དེར་༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དང་དེའི་འཛམ་གླིང་གི་གནད་དོན་ཐོག་ཤུགས་རྐྱེན་ཅི་ཡོད་ཐོག་གཏམ་བཤད་སྤེལ་གྱི་རེད་ཟེར།

སྐུ་ཞབས་རྗོན་མ་ཁིན་གྱིས་ཁོང་ནི་ཏཱ་ལའི་བླ་མར་ཆེས་དད་མཁན་ཞིག་ཡིན་ཅེས་གསུངས་ཡོད་པ་རེད།

ལོ་འདིའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་གྲྭ་བཙུན་དང་མི་དམངས་ངོ་རྒོལ་བྱེད་མཁན་ཚོར་དྲག་པོའི་རྒོལ་རྡུང་བྱེད་སྐབས། མ་ཁིན་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཚོར་ཏཱ་ལའི་བླ་མ་མཉམ་དུ་དོན་སྙིང་ཡོད་པའི་བཀའ་མོལ་དབུ་འཛུགས་ཞུ་དགོས་པ་དང་། ཏཱ་ལའི་བླ་མ་མཆོག་ནི་བོད་མི་རིགས་ཀྱི་རེ་བ་དང་མངོན་འདོད་མཚོན་མཁན་ཞི་བདེའི་སྐྱེས་བུ་ཞིག་རེད་ཅེས་དང་། སྨྲ་བརྗོད་རང་དབང་ལ་བརྟེན་ནས་འཇུས་པའི་བོད་ནང་གི་དགེ་འདུན་པ་རྣམས་གློད་དགོས་པ་དང་། བོད་ནང་གི་གནས་ཚུལ་བརྒྱུད་ལམ་ཕྱི་ལོགས་ལ་ཡོངས་སུ་ཕྱེ་དགོས་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།

༧གོང་ས་མཆོག་གིས་ཁོང་ལ་ཕྱིར་ཕྱག་བྲིས་ཤིག་བསྩལ་ཏེ། བོད་ནང་དུ་སེམས་སྐྱོ་བའི་དོན་རྐྱེན་བྱུང་བའི་ཐད་ཁོང་གིས་ཐུགས་འཚབ་གནང་བ་དང་། ངོ་རྒོལ་གྱི་ལ་འགུལ་འདི་དག་ལ་དྲག་པོའི་རྒོལ་རྡུང་མི་བྱེད་རྒྱུའི་ཐད་རྒྱ་ནག་གི་དཔོན་རིགས་ཚོར་སྐུལ་འདེད་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply