བོད་མི་འཇིགས་སྐུལ་བ།

ཁམས་དཀར་མཛེས་ཀྱི་མི། གཟུགས་པོ་ཐང་འཕེར་དང་གཤིས་ཀ་རྩུབ་པོ། གཟུགས་པོའི་རིང་ཚད་ ༡་༦༩། ཤ་ཅུང་རྒྱག་པ། གདོང་དབྱིབས་གོར་གོར་དང༌། མིག་མཐར་དཀྲི་ག་ཡོད་པ། འགད་རྫས་ཀེ་ལོ་ ༢༠༠ ཁུར་པ། ལྷམ་མགོ་ཨང་ ༣༨ ཅན་ཞིག་མཐོང་བྱུང་ངམ།

རྒྱ་ནག་གིས་ཨོ་ལིམ་པིག་འཚོགས་ཁར་བོད་མི་ཞིག་འདི་ལྟར་འཚོལ་གྱིན་འདུག་ལ། ཁོང་གི་མིང་ལ་ཐུབ་བསྟན་བློ་རྒྱལ་ཟེར་ཞིང༌། གཅེན་མོ་འབྲིང་བ་དང་གཅུང་མོའི་བཟའ་ཟླ། གཅུང་པོ་གཉིས་པ་བཀྲ་ཤིས་རྒྱལ་མཚན། གཅུང་པོ་བཞི་བ་བློ་གྲོས་དགེ་འདུན་བཅས། ནང་མི་བཞི་བོས་ཉེ་སྔོན་འགད་རྫས་འབོར་ཆེན་རྐུས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང༌། ཁོ་ཚོའི་འཆར་གཞི་ནི་ཨོ་ལིམ་པིག་འཚོགས་སྐབས་ཁྲིན་ཏུའུ་གྲོང་ཁྱེར་ནང་གཏོར་རྒོལ་བྱ་རྩིས་རེད་ཟེར།
 
གནས་ཚུལ་འདི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱའི་བདེ་སྲུང་ཚན་པར་མཁོ་སྤྲོད་བྱས་པ་དང༌། དེ་ནི་པེ་ཅིན་ཨོ་ལིམ་པིག་སྐབས་ཨ་རྒྱ་གཉིས་ཀྱིས་འཇིགས་སྐུལ་བར་རྒོལ་རྡུང་བྱེད་པར་མཉམ་འབྲེལ་བྱས་ཡོད་པའི་དབང་གིས་ཡིན། ཁྲིན་ཏུའུ་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་གིས་སི་ཁྲོན་མངའ་སྡེ་ཡི་ཉེན་རྟོག་ཚན་པར་མཁོ་སྤྲོད་བྱས་ཤིང༌། དེ་བས་གོང་གསལ་འཇིགས་པ་དག་གི་སྐོར་ལ་སི་ཁྲོན་ཉེན་རྟཽག་ཚན་པས་རྩད་ཞིབ་བརྡ་ཐོ་བཏང་བ་དང༌། བརྡ་ཐོ་དེ་བཞིན་མངའ་སྡེ་ལས་ཁུངས་ཚང་མར་འབྱོར་འདུག ཡང་ཉེན་རྟོག་པས་རྩད་ཞིབ་བྱས་པ་ལྟར་ན་སི་ཁྲོན་མངའ་སྡེ་ལང་ཧྲན་རང་སྐྱོང་ཁུལ་ནས་འགད་རྫས་ཀེ་ལོ་ ༢༠༠ ཐམ་པ་རྐུན་མར་ཤོར་བ་དང༌། རྔ་བ་ཁུལ་འབར་ཁམས་རྫོང་ནས་ཀྱང་འགད་རྫས་འབོར་ཆེན་ཞིག་ཐོན་ཡོད་སྐད་འདུག དེ་བས་ཨ་རིའི་གཞུང་ཚབ་ཡན་ལག་ཁང་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་ཁྲིན་ཏུའུ་གྲོང་ཁྱེར་ནང་འཇིགས་སྐུལ་གཏོར་རྒོལ་འབྱུང་ངེས་ཀྱི་བརྡ་ཁྱབ་བཏང་ཡོད།

ཡང་སི་ཁྲོན་ཉེན་རྟོག་ཚན་པར་བོད་མི་ཁག་ཅིག་གིས་བོད་ལྗོངས་ནས་མཚོན་ཆ་དང་འགད་རྫས་འབོར་ཆེན་ཞིག་ཁྲིན་ཏུའུ་གྲོང་ཁྱེར་ནང་དབོར་འདྲེན་བྱས་འདུག་པའི་གནས་ཚུལ་རག་འདུག་པར་བརྟེན། ཨོ་ལིམ་པིག་སླེབས་ལ་ཉེ་བའི་སྐབས་འདིར་བོད་མི་དྲག་སྤྱོད་པས་ཁྲིན་ཏུའུ་གྲོང་ཁྱེར་ནང་གཏོར་རྒོལ་བྱེད་ཉེན་ཡོད་སྐོར། ཉེན་རྟོགས་ཚན་པའི་འབྲེལ་ཡོད་ཁག་ལ་དོགས་ཟོན་ནན་པོའི་བཀོད་ཁྱབ་བཏང་ཡོད་ཁར། ཁྲིན་ཏུའུ་གྲོང་ཁྱེར་ནང་བོད་རིགས་འདུས་སྡོད་བྱེད་པའི་བོད་ཀྱི་གླིང་ག་དང༌། ཉི་འོད་ར་བ་སོགས་སུ་ས་ཁུལ་ཁག་བགོས་ཀྱིས་ཉེན་རྟོག་པསཉིན་མཚན་མེད་པར་སྐོར་སྲུང་བྱེད་ཀྱིན་པ་མ་ཟད། མང་ཚོགས་ཀྱིས་དོགས་ཡོད་མི་སྣ་འདྲ་མཐོང་ཚེ་རང་འགུལ་ངང་ཉེན་རྟོག་ཚན་པར་གནས་ཚུལ་འབུལ་དགོས་པའི་བཀོད་ཁྱབ་ཀྱང་བཏང་འདུག

གནས་ཚུལའདི་རྒྱ་ཡིག་གི་མེན་པོ་དང་པོ་ཤོན་དྲ་རྒྱ་སོགས་སུ་སྤེལ་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “བོད་མི་འཇིགས་སྐུལ་བ།

  1. ཀླུ་མཁར་བྱམས།

    ྄དྲ་གྲོགས་ཚོས་སྲིད་དོན་གྱི་བྱ་བར་ངེས་གཏན་གྱི་གྲོགས་དང་ངེས་གཏན་གྱི་དགྲ་མེད་པ་ཡིད་ལ་འཛིན་དགོས་ལ། ཡང་གནས་ཚུལ་འདི་ཚབ་ཆེན་ཞིག་ཡིན་པས། ཨ་རི ས་གཞུང་འབྲེལ་ཐོག་ལན་ཁ་གསལ་ཞིག་འདེབས་རག་བར་དུ་ང་ཚོ་ངར་ལངས་རྒྱུ་སྔ་གྲགས་ཡག་པོ་མ་རེད།།

  2. རང་ལ་དགོས་མཁོ་དང་ཁེ་བཟང་ཡོད་ཚེ་ཅི་ཡང་བྱེད་ཐུབ་པའི་ཨ་རིའི་གཞུང་ལ་མཚོན་ན་ང་ཚོས་ནམ་ཡང་ཡིད་ཆེས་བྱེད་ས་ཞིག་མེད།འོན་ཀྱང་དགོས་མཁོ་གང་ཡོད་ལ་ང་ཚོས་ཀྱང་འབྲེལ་བ་བྱེད་དགོས་ལ་ཁེ་བཟང་གང་ལོན་ལེན་དགོས། འདི་ནི་ཆབ་སྲིད་རེད།

  3. དབྱངས་འཐུ།

    འདི་ནི་བོད་མི་ཚོར་གཞི་མེད་སྐྱོན་འཛུགས་བྱས་པ་ཞིག་ཡིན་ཤས་ཆེ། ཨ་རི་ཚང་ནི་ཨེ་ར་ཁི་དང་ཨ་ཧྥུ་སྒ་ནི་སི་ཕན་གྱི་དྲག་སྤྱོད་པས་འབར་རྫས་ཀྱི་མིང་གོ་བ་ཙམ་གྱིས་ཞེད་དགོས་པ་ཞིག་ཆགས་འདུག་ནས། ད་ནི་ཨ་རིས་ཀྱང་རང་རེར་མི་དཀར་པོའི་མགོ་ལ་ཞྭ་ནག་པོ་གཡོག་ཡོང་གིན་འདུག ད་ཨོ་ན་རང་རེའི་མགོན་སྐྱབས་གང་ན་ཡོད། རྒྱབ་རྟེན་གང་དུ་མཆིས། ཨ་རྒྱ་གཉིས་མཉམ་འབྲེལ་བྱས་ནས་བོད་པ་ཤུལ་ལུས་འདི་ཚོ་རྩ་མེད་བཟོ་རྩིས་ཡིན་རྒྱུ་མ་རེད།

  4. ང་ཚོས་ཨ་རི་ནི་སོ་སོའི་རྒྱབ་སྐྱོར་དང་མགོན་རོགས་ཤིག་ཏུ་ཡིད་ཆེས་ཡོད་ཀྱང། དོན་དངོས་སུ་ཨ་རིའི་གཞུང་ནི་བོད་ཚོང་བརྒྱག་མཁན་གྱི་གཞུང་ཞིག་ཡིན། བོད་ཀྱི་སྟོབས་ཤུགས་མཐར་ཐུག་དེ་བོད་ནང་གི་བོད་མི་བོད་མི་ཚོ་ཡིན་པས། བཙན་བྱོལ་གཞུང་དང་ཚོགས་པ་ཁག་གིས་འགྲོ་སོང་བོད་ནང་ལ་བཏང་ནས་མཐར་ཐུག་གི་བོད་དོན་འཐབ་རྩོད་འདི་དག་ལ་བདག་པོ་དང་རྒྱབ་རོགས་གང་ཡོང་བྱེད་དགོས་སྙམ། བཙན་བྱོལ་གཞུང་གི་དབུ་ཁྲིད་ཚོའི་གྲུབ་འབྲས་མེད་པའི་ཡར་ཕེབས་མར་ཕེབས་ལ་འགྲོ་གྲོན་ཆུད་ཟོས་མ་བཏང་བར་ཡོད་ཚད་བོད་ནང་གནང་ཐུབ་པའི་རེད་བ་ཞུ་གི་ཡོད།