ཧྥ་རན་སི་ང་ཚོའི་ཐོག་ལ་ཡག་ཏུ་འགྲོ་གི་ཡོད།


ཧྥ་རན་སིའི་སྐུ་ཚབ་དོན་གཅོད་སྐུ་ངོ་འཇམ་དཔལ་ཆོས་བཟང་ལགས་སུ་བཅར་འདྲི།

བོད་ཀྱི་དུས་བབ།  བདུན་ཕྲག་རྗེས་མའི་ནང་༧གོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་གནང་གི་ཡོད་པ་རེད། སོང་ཙང་སྐུ་ངོ་མཆོག་གིས་ཁོང་གི་ཆིབས་བསྒྱུར་དང་འབྲེལ་བའི་མཛད་རིམ་ཁག་ངོ་སྤྲོད་ཅིག་གནང་རོགས།
སྐུ་ཚབ་དོན་གཅོད།   སྤྱི་བཏང་བྱས་ན་༧སྐྱབས་མགོན་རིན་པོ་ཆེ་ན་ནིང་ཧྥ་རན་སིར་ཆིབས་བསྒྱུར་བསྐྱངས་གཏན་འཁེལ་ཡོད་པ་རེད། ཡིན་ནའང་ཕྱིར་འགྱངས་གནང་ནས་ད་ལོའི་ཕྱི་ཟླ་༨ ཚེས་༡༡ ནས་༢༣ བར་ཆིབས་བསྒྱུར་གནང་ནས་མཛད་འཕྲིན་བསྐྱང་ཡ་རེད།  འདིར་ཞབས་སོར་འཁོད་གནང་ཡའི་རྒྱུ་མཚན་གཙོ་བོ་དེ་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནིང་ཐུ་(Nantes)ནང་ལ་ཉིན་ལྔའི་རིང་གསུང་ཆོས་གནང་ཡ་དེ་རེད། དེར་ཞབས་སོར་མ་འཁོད་པའི་སྔོན་ལ་རྒྱ་གར་ནས་ཐད་ཀར་རྒྱལ་ས་ཕ་རི་སིར་ཕེབས་ནས་ཕྱི་ཚེས་༡༡ནས ༡༤ བར་རྒྱལ་ས་ཕ་རི་སིའི་ཉེ་འཁོར་གྱི་བོད་པའི་ཆོས་ཚོགས་ཁ་ཤས་དང་ཝེ་ཐི་ནན་གྱི་ནང་བའི་དགོན་པ་ཞིག་གི་ནང་ཆིབས་བསྒྱུར་བསྐྱངས་ཡ་དང་།  ཧྥ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ནང་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་རེད། གྲོས་ཚོགས་གོང་མའི་ཚོགས་མི་དེ་ཚོས་གདན་འདྲེན་ཞུ་བ་ནང་བཞིན་གྲོས་ཚོགས་གོང་མའི་ནང་ཕེབས་ནས་ཁོང་ཚོར་མཇལ་འཕྲད་གནང་ཡ་རེད། དེ་བཞིན་ཧྥ་རན་སིར་ཡོད་པའི་བོད་མི་ཚོར་མཇལ་འཕྲད་གནང་ནས་ཁོང་ཚོའི་ཆེད་དུ་བཀའ་སློབ་ཅིག་གནང་ཡ་རེད། མཛད་རིམ་དེ་དག་གྲུབ་རྗེས་ཕྱི་ཚེས་ ༡༤ ཉིན་གྲོང་ཁྱེར་ནིང་ཐུ་ནང་ཕེབས་ནས་གསུང་ཆོས་གནང་ཡ་རེད། མཛད་རིམ་ཉིང་བསྡུས་འདྲ་བོ་ཞིག་དེ་འདྲ་རེད།

བོད་ཀྱི་དུས་བབ།  གོང་ས་མཆོག་གི་ཆིབས་བསྒྱུར་དང་མཛད་རིམ་སྐབས་ཧྥ་རན་སི་གཞུང་ངོས་ནས་ཕེབས་བསུ་དང་སྐུ་ཕྱྭའི་སྲུང་སྐྱོབ་ཞུ་སྟངས་ག་འདྲ་ཡིན་ནམ།
སྐུ་ཚབ་དོན་གཅོད།  ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་གནམ་ཐང་དུ་ཕེབས་འབྱོར་སྐབས། ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྣེ་ལེན་ཞུ་མཁན་ལྕམ་འཇར་མེ་(Jérémie)དང་། ནང་སྲིད་ལས་ཁུངས་ཀྱི་ཆབ་སྲིད་སློབ་སྟོན་པ་སྐུ་ཞབས་ཇེན་པེ་རེ(Jean-Pierre)  དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་ཕྱོགས་ཀྱི་སློབ་སྟོན་པ་ཞིག་བཅས་ཀྱིས་ཕེབས་བསུ་དང་འབྲེལ་རྒྱལ་ས་ཕ་རི་སིར་གདན་འདྲེན་ཞུ་ཡ་རེད། སྐུའི་སྲུང་སྐྱོབ་ཐད་ལ་༧སྐྱབས་མགོན་རིན་པོ་ཆེ་ཕྱིའི་ལུང་བ་ག་འདྲ་ཞིག་ལ་ཕེབས་པ་ཡིན་ནའང་སྐུ་སྒེར་ཡིག་ཚང་དང་བོད་གཞུང་བཀའ་ཤག་གི་བཀའ་དགོངས་ལྟར་སྐུ་ཚབ་དོན་གཅོད་ཚོས་འགན་འཁུར་དགོས་རྒྱུ་ཡོད་པ་རེད། སོང་ཙང་ད་རེ་ཆིབས་བསྒྱུར་སྐབས་ཡིན་ན་ང་ཚོས་ཧྥ་རན་སི་གཞུང་ལ་ཞུས་ནས་༧གོང་ས་མཆོག་ཆིབས་བསྒྱུར་གནང་ས་དང་གསུང་ཆོས་གནང་ས་ཚང་མ་ལ་ཧྥ་རན་སི་གཞུང་གིས་སྐུ་སྲུང་བ་བཏང་ནས་ཆུ་ཚོད་ཉེར་བཞིའི་རིང་ལ་སྲུང་སྐྱོབ་ཞུ་གི་ཡོད་པ་རེད།

བོད་ཀྱི་དུས་བབ།  ད་རེའི་༧གོང་ས་མཆོག་གི་མཛད་འཆར་ཁག་ལས་མང་བོ་ཞིག་ཆོས་ཕྱོགས་རེད། སོང་ཙང་ཆབ་སྲིད་དང་འབྲེལ་བའི་དམིགས་བསལ་མཛད་རིམ་འདྲ་མེད་དམ།
སྐུ་ཚབ་དོན་གཅོད།  སྤྱིར་བཏང་༧གོང་ས་མཆོག་གི་མཛད་རིམ་སྔོན་མ་ནས་གཏན་འཁེལ་ཡོད་པ་རེད། ཡིན་ནའང་གསར་འགོད་པ་མང་བོ་ཞིག་གིས་བཀའ་འདྲི་ཞུ་ཡ་ལ་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོང་བསྡད་ཡོད་ཙང་། ང་ཚོས་སྐུ་སྒེར་ཡིག་ཚང་ལ་བཀའ་འཁྲོལ་ཞུས་ནས་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་གཅིག་རིང་གསར་འགོད་ལྷན་ཚོགས་ཤིག་གནང་ཡ་རེད། འདིའི་སྐབས་ཀྱི་བཀའ་འདྲི་གནང་ཡ་དང་གསུང་བཤད་གནང་ཡ་ཚང་མ་ཆབ་སྲིད་འབྲེལ་བ་ཆགས་ཡོད་པ་རེད། དེ་ནས་ད་གིན་ངས་ཞུས་པ་བཞིན་གྲོས་ཚོགས་གོང་མའི་ནང་ལ་ཕེབས་ཡ་དེ་ཡང་ཆབ་སྲིད་དང་འབྲེལ་བའི་མཛད་རིམ་ཞིག་རེད། གྲོས་ཚོགས་གོང་འོག་གང་གི་ནང་ལའང་བོད་དོན་རྒྱབ་སྐྱོར་བ་མང་པོ་རེད། ཁོང་ཚོས་དུས་རྒྱུན་ཏུ་ནས་བོད་ཀྱི་རྩ་དོན་ཐད་ཕྱག་ལས་གནང་གི་ཡོད་ཙང་གྲོས་ཚོགས་གོང་མའི་ནང་ཕེབས་ནས་མཇལ་འཕྲད་དང་གསུང་བཤད་གནང་ཡ་དེ་ཡང་ཆབ་སྲིད་དང་འབྲེལ་བ་ཡོད་པ་རེད།

བོད་ཀྱི་དུས་བབ།  དེ་སྔོན་སྲིད་འཛིན་ས་ཁོ་རྫེས་(Sakozy)ཕྱི་ཟླ་༨ ནང་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་ཚུལ་གསུངས་ཡོད་ནའང་། ཕྱི་ཚེས་༦ ཉིན་སྲིད་འཛིན་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་ངོས་ནས་ཁོང་གི་ཆིབས་བསྒྱུར་འདིའི་སྐབས་མཇལ་འཕྲད་གནང་འདུན་ཡོད་པའི་བརྡ་ལན་གང་ཡང་མ་འབྱོར་སྟབས་མཇལ་འཕྲད་གནང་རྒྱུ་མིན་ཚུལ་བརྗོད་འདུག འདི་གང་འདྲ་ཡིན་ནམ།
སྐུ་ཚབ་དོན་གཅོད།  སྲིད་འཛིན་ལས་ཁུངས་ནས་གསལ་སྒྲག་དེ་འདྲ་ཞིག་གནང་བ་རེད་དེ་ང་ཚོའི་ངོས་ནས་བརྡ་ལན་མ་སྤྲད་པ་དང་མ་འཕྲོད་དེ་འདྲ་གང་ཡང་མ་རེད། ༧སྐྱབས་མགོན་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དཔེར་ན་མཇལ་འཕྲད་ཡིན་ན་འདྲ། བོད་པའི་ཐོག་ལ་གཏམ་བཤད་གནང་ཡ་ཡིན་ན་འདྲ། དེ་ནང་བཞིན་བོད་པའི་ཐོག་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་རོགས་རམ་གནང་ཡ་ལ་མི་ཕར་ཕྱོགས་དེར་ལག་ལེན་བསྟར་བར་དཀའ་ངལ་འཕྲད་ཀྱི་ཡོད་ན་ཨུ་ཚུགས་མི་རྒྱག་རྒྱུ་དེ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བོད་གཞུང་གི་སྲིད་བྱུས་ཆགས་བསྡད་ཡོད་པ་རེད།  ང་ཚོ་ས་གནས་ས་ཐོག་གི་ལས་ཀ་བྱེད་མཁན་ཚོས་ཀྱང་དེ་ལྟར་བྱས་བསྡད་ཡོད་པ་རེད། སོང་ཙང་ད་རེའི་སྲིད་འཛིན་ཁོང་ལ་ཆ་བཞག་ན་དཀའ་ངལ་ཆེན་པོ་ཞིག་གི་ནང་ཡོད་པ་རེད། ཁོ་རང་གི་མི་དམངས་ཀྱིས་སྐད་བརྒྱབ་ནས་༧སྐྱབས་མགོན་རིན་པོ་ཆེ་དང་མཇལ་འཕྲད་གནང་དགོས་པའི་གནས་སྟངས་ཤིག་བཟོས་པ་རེད། དེ་ནང་བཞིན་ཧྥ་རན་སི་རྒྱ་ནག་དང་ཚོང་འབྲེལ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་རེད། རྒྱ་ནག་གིས་གནོན་ཤུགས་འདྲ་མིན་སྤྲད་ཡོང་དུས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བལྟས་ནས་མཇལ་འཕྲད་གནང་མ་ཐུབ་པའི་གནས་སྟངས་ཤིག་ཤར་ཡོང་བ་རེད། སྲིད་འཛིན་ཁོང་གིས་དང་པོ་མཇལ་འཕྲད་གནང་གི་ཡིན་གསུངས་པ་དང་། ད་ལྟ་མིན་གསུངས་པ་གཉིས་རྒྱབ་འགལ་ལྟ་བུ་ཆགས་ཡོད་པ་རེད་དེ། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཆབ་སྲིད་ཟེར་ན་དེ་འདྲ་རེད། གཙོ་བོ་སོ་སོའི་ཁེ་ཕན་ལ་བལྟ་གི་རེད་མ་གཏོགས་གཞན་ལ་བསམ་བློ་གཏོང་གི་མ་རེད། སོང་ཙང་ད་རེའི་ཆིབས་བསྒྱུར་སྐབས་ལ་མཇལ་འཕྲད་གནང་ཐུབ་ཀྱི་མེད་པ་དེ་གནས་ཚུལ་མང་བོ་ཞིག་གི་ཐོག་ནས་ང་ཚོས་མཐོང་གི་ཡོད་པ་རེད། ཡིན་ནའང་ཁ་སང་རང་སྲིད་འཛིན་ཁོང་གི་སྐུ་ཟླ་ལྕམ་གར་ལ་སྦིར་ནེ་(CARLA Bruni)མཆོག་གིས་མཇལ་འཕྲད་གནང་གི་ཡིན་ཞེས་ང་ལ་ལན་འབྱོར་བྱུང་། སོང་ཙང་ད་རེའི་དམིགས་བསལ་སྲིད་འཛིན་དང་མཇལ་འཕྲད་གནང་གི་མེད་ནའང་ཁོང་གི་སྐུ་ཟླ་དང་མཇལ་འཕྲད་གནང་གི་ཡོད་པ་རེད།

བོད་ཀྱི་དུས་བབ།  ད་རེའི་ཆིབས་བསྒྱུར་སྐབས་ཧྥ་རན་སིའི་གཞུང་གི་གནད་ཡོད་མི་སྣ་གཞན་དང་མཇལ་འཕྲད་གནང་འཆར་ཡོད་དམ། དཔེར་ན་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་ར་མ་ཡ་ངྷི་(Ramayade)ལྟ་བུ། ཁོང་མོས་ཀྱང་དེ་སྔོན་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་ཚུལ་གསུངས་མྱོང་ཡོད་པ་རེད།
སྐུ་ཚབ་དོན་གཅོད།  ལྕམ་ར་མ་ཡ་ངྷི་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་གཞོན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་རེད། ད་གིན་ཁྱེད་རང་གིས་གསུངས་པ་ནང་བཞིན་ད་ལོ་བོད་ནང་དོན་དག་བྱུང་དུས་ཁོང་མོས་རྒྱ་ནག་གཞུང་ལ་ཛ་དྲག་གི་ཉེན་བརྡ་དོན་ཚན་གསུམ་ཅན་ཞིག་ཕུལ་བ་དང་མཉམ་དུ། ཕྱི་ཟླ་༨ ནང་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་ཚུལ་གསུངས་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་གཏན་འཁེལ་བ་གང་ཡང་བྱུང་མ་སོང་། ངས་དེ་སྐོར་ལ་ཕྱི་སྲིད་ལས་ཁུངས་དང་གོ་བསྡུར་ཞུས་པ་ཡིན་དེ་མཇལ་འཕྲད་གནང་གི་རེད་དང་མ་རེད་ཁ་གསལ་གྱི་ལན་གང་ཡང་གསུངས་མ་བྱུང་། དེ་བཞིན་ད་ལྟའི་ཆར་གཞུང་གི་གནད་ཡོད་མི་སྣ་དེ་འདྲ་དང་མཇལ་འཕྲད་གནང་ཡའི་མཛད་འཆར་གང་ཡང་ཡོད་པ་མ་རེད། ཡིན་ནའང་གཅིག་བྱས་ན་༧སྐྱབས་མགོན་རིན་པོ་ཆེ་ད་ལོ་ཡང་བསྐྱར་ཧྥ་རན་སི་ནང་ཕེབས་སྲིད་པ་རེད། སྐབས་དེ་དུས་སྲིད་འཛིན་དང་ཡང་གཞུང་འབྲེལ་ཐོག་མཇལ་འཕྲད་གནང་སྲིད་པ་རེད། དེ་ནང་བཞིན་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྲིད་པ་རེད།

བོད་ཀྱི་དུས་བབ།  ད་གིན་སྐུ་ངོ་མཆོག་གིས་༼གཅིག་བྱས་ན་༽དང་༼སྲིད་ཀྱི་རེད༽ཅེས་གསུངས་པ་ག་རེ་ཡིན་ནམ། ཅུང་ཞལ་གསལ་བོ་བྱས་ནས་གསུང་རོགས།
སྐུ་ཚབ་དོན་གཅོད།  ད་ལྟའི་ཆར་ཁ་གསལ་བོ་དང་གཏན་འཁེལ་ཡ་དེ་འདྲ་གང་ཡང་མ་རེད་དེ། ཡོང་མི་སྲིད་པ་མ་རེད་ཅེས་ཞུ་ཡ་ཡིན། ད་ལྟའི་ཆར་ང་ཚོའི་གཞུང་དང་འབྲེལ་ཡོད་ཚང་མས་དེ་ཐོག་ལ་ཐབས་ཤེས་གནང་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། ཡུ་རོབ་ནང་ལ་ཆ་བཞག་ན་ད་ལོ་༧རྒྱལ་བ་རིན་པོ་ཆེ་དབྱིན་ཇི་སྲིད་བློན་དང་མཇལ་འཕྲད་གནང་བ་རེད། ན་ནིང་འཇར་མན་ནིའི་སྲིད་འཛིན་དང་ཨོ་སི་ཁྲུ་རེ་ཡའི་སྲིད་བློན་དང་མཇལ་འཕྲད་གནང་བ་རེད། དེ་བཞིན་ཨ་རི་དང་རྒྱ་གར་གྱི་སྲིད་འཛིན་དང་ཡང་མཇལ་འཕྲད་གནང་བ་རེད། ཧྥ་རན་སི་ལ་ཆ་བཞག་ན་ཡུ་རོབ་ནང་དམངས་གཙོ་གཅིག་བུ་མ་ཡིན་པར་ཕྱོགས་གང་ཅིའི་ཐད་ནས་རྒྱལ་ཁབ་ཆེ་བའི་གྲས་ཤིག་རེད། སོང་ཙང་ང་ཚོའི་ངོས་ནས་འདི་འདྲ་ཞིག་ཞུ་བསྡད་ཀྱིན་ཡོད། རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་ཁག་གིས་མཇལ་འཕྲད་གནང་བའི་ཆ་ལ་ཧྥ་རན་སི་དམངས་གཙོ་ཡིན་ཟེར་གི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ཡོད་ཟེར་གི་ཡོད་རེད། བོད་ནང་ལ་གནས་སྟངས་འདི་འདྲ་ཞིག་ཆགས་ཡོང་གི་ཡོད་རེད། སོང་ཙང་ཧྥ་རན་སིའི་སྲིད་འཛིན་དང་གནད་ཡོད་མི་སྣ་ཁག་གིས་མཇལ་འཕྲད་མ་གནང་བ་ཡིན་ན་འཛམ་བུ་གླིང་གི་ཆབ་སྲིད་ཀྱི་ལྡིང་ཆའི་སྒང་ནས་ཧྥ་རན་སི་ཁ་སྐྱངས་ཡ་འདྲ་བོ་ཞིག་ཆགས་ཀྱི་རེད་ཅེས་ཞུས་པ་ཡིན་ལ། དོན་དངོས་ཐོག་ནས་ཀྱང་དེ་འདྲ་རེད། མ་གཞི་ང་ཚོས་དེ་འདྲ་ཞུས་མིན་ལ་མ་བལྟས་བར་ད་ཆར་ཧྥ་རན་སི་ང་ཚོ་བོད་པའི་ཐོག་ལ་སྔ་མ་ལས་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

བོད་ཀྱི་དུས་བབ།  དེ་སྔོན་༧གོང་ས་མཆོག་ཨ་རི་དང་དབྱིན་ཡུལ། འཇར་མན་ནི་བཅས་སུ་ཆིབས་བསྒྱུར་གནང་སྐབས་ཤུགས་ལྡན་ཚོགས་པ་དང་རྒྱ་རིགས་ཚོས་ངོ་རྒོལ་བྱས་ཡོད་པ་རེད། སོང་ཙང་ད་རེ་ཧྥ་རན་སི་ནང་ཆིབས་བསྒྱུར་སྐབས་ཁོ་ཚོས་ངོ་རྒོལ་འདྲ་བྱེད་འཆར་འདུག་གམ།
སྐུ་ཚབ་དོན་གཅོད།  ངས་དོ་རྒྱལ་ཚོགས་པ་ལས་རྒྱ་མི་ཚོ་ལ་དོ་སྣང་བྱས་པ་ཡིན། ཉིན་མ་ཁ་ཤས་སྔོན་ལ་རྒྱ་མིའི་སློབ་ཕྲུག་གསུམ་དང་གཞུང་འབྲེལ་མིན་པའི་ཐོག་ཐུག་འཕྲད་བྱས་ནས་ཁོང་ཚོ་མཉམ་དུ་གོ་བསྡུར་མང་བོ་ཞིག་བྱས་པ་ཡིན། དེ་དུས་ཁོང་ཚོས་ཧྥ་རན་སི་ནང་ལ་གསལ་བོ་མ་ཤེས་ནའང་། འཇར་མན་ནིའི་ནང་ལ་རྒྱ་མིའི་གཞུང་ཚབ་ཁང་གི་བརྒྱུད་སྐུལ་འོག་སློབ་ཕྲུག་ཁ་ཤས་ཤིག་གིས་ངོ་རྒོལ་བྱས་པ་རེད། དེ་རྒྱ་མིའི་གཞུང་ཚབ་ཁང་གིས་ངོ་རྒོལ་མ་བྱས་ན་ཁོ་ཚོའི་སློབ་ཡོན་གཅོད་ཀྱི་ཡིན་ཚུལ་བརྗོད་པར་བརྟེན་ངོ་རྒོལ་ནང་ཞུགས་པ་མ་གཏོགས། རྩ་བའི་སློབ་ཕྲུག་ཚོའི་ངོས་ནས་ངོ་རྒོལ་བྱེད་འདུན་ཡོད་པ་མ་རེད་ཟེར། དེ་ནང་བཞིན་ཧྥ་རན་སིའི་གཞུང་ལའང་རྒྱ་མི་ཚོས་ད་རེ་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་ཆོག་མཆན་གང་ཡང་ཞུ་མི་འདུག སོང་ཙང་རྒྱ་མིའི་ངོས་ནས་ད་རེ་ངོ་རྒོལ་བྱེད་ཡ་མ་རེད། དོ་རྒྱལ་ཚོའི་ངོས་ནས་ད་གིན་ཁྱེད་རང་གིས་གསུངས་པ་ནང་བཞིན་ཨ་རི་དང་དབྱིན་ཇི། འཇར་མན་ནིའི་ནང་ལ་ཆིབས་བསྒྱུར་སྐབས་ངོ་རྒོལ་བྱས་པ་རེད། ད་རེ་ཡིན་ནའང་ཁོ་ཚོའི་ངོས་ནས་གསུང་ཆོས་གནང་ས་ནིང་ཐི་ལ་ངོ་རྒོལ་བྱེད་ཡའི་འཆར་གཞི་བཏང་འདུག ཧྥ་རན་སི་དམངས་གཙོ་ལུང་བ་རེད། ཁོ་ཚོས་ཆོག་མཆན་ཞུས་ནས་ངོ་རྒོལ་བྱས་ན་དེ་རང་དབང་རེད། ཡིན་ནའང་གསུང་ཆོས་གནང་སའི་ཚོགས་ནང་ངོ་རྒོལ་བྱས་ནས་ཆོས་ཞུ་བ་ཚོར་བརྡབ་གསིག་དང་། དེ་བཞིན་ཡར་མར་ཆིབས་བསྒྱུར་སྐབས་ཟིང་ཟིང་བཟོས་ན་འགྲིག་གི་ཡོད་པ་མ་རེད་ཅེས་ངས་ཧྥ་རན་སི་གཞུང་དང་སྐུ་སྲུང་བ། དེ་བཞིན་གསུང་ཆོས་གོ་སྒྲིག་པ་ཚང་མ་ལ་གསལ་བོ་བྱས་ཞུས་ཡོད།

ཕ་རི་སི། ཟླ་བ་ཚེ་རིང་གིས།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply