གཞིས་ལུས་བོད་མིའི་ཚབ་བྱེད་པའི་དབང་ཚད་ང་ཚོར་ཡོད།

ཨོ་ལིམ་པིག་རྗེས་སུ་རྒྱ་ནག་གིས་བོད་ནང་རིག་གནས་གསར་བརྗེ་གཉིས་པ་མགོ་འཛུགས་བྱ་རྒྱུ་ཡིན་ཚུལ་གྱི་ཡིག་ཆ་ཁག་ཅིག་བོད་རང་སྐྱོང་ལྗོངས་ཀྱི་གསང་བའི་ཡིག་ཆ་ནས་ཕྱི་བསྒྲགས་བྱས་ཏེ་གསལ་བོར་བྱུང་ཡོད། རིག་གནས་གསར་བརྗེ་ཞེས་པ་གང་འདྲ་ཞིག་ཡིན་མིན་དེ་མི་རྒན་པ་དག་ལ་དྲིས་ན་ཁོང་ཚོས་གསལ་བོར་མཁྱེན་གི་རེད་ལ། རྒྱ་ནག་གི་རིག་གནས་གསར་བརྗེ་གཉིས་པ་དེ་མགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང༌། དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག་ཅེས་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་གྱིས་བརྗོད་སོང༌། 

   ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ བའི་སྟེང༌། གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀཱ་ཅ་རི་བར་གྲྭ་བཙུན་དང་མི་མང་གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང༌། ཉིན་དེར། དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས། ང་ཚོས་འདི་ལྟར་མི་དམངས་སྒེར་ལངས་ཆེན་མོའི་ལས་འགུལ་མགོ་འཛུགས་བྱེད་བཞིན་ཡོད། སྤྱིར་མི་དམངས་སྒེར་ལངས་ཆེན་མོའི་ལས་འགུལ་དེ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་མགོ་འཛུགས་གནང་བ་ཡིན་ལ། སྐབས་དེའི་ལས་འགུལ་ངྷ་ས་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནས་མགོ་བརྩམས་པ་རེད།  དེ་དང་ཆབས་ཅིག་མི་མང་འདུ་འཛོམས་བྱེད་མ་དགོས་པའི་ཐོག་ལས་འགུལ་མང་པོ་ཞིག་སྤེལ་ཡོད། དེ་རིང་མགོ་བཙུགས་ཏེ་ཕྱི་ཚེས་ ༢༤ བར་སྐད་འབོད་དང༌། མར་མེ་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་ཁྲོད་གལ་ཆེ་ཤོས་དེ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ་དེ་ཡིན། རྒྱལ་སྤྱིའི་གསར་ལམ་ཁག་གི་སྡིངས་ཆ་འདྲ་མིན་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་བསྒྲགས་བྱ་རྒྱུ་དེ་གལ་ཆེན་ཆགས་ཡོད། ཟླ་ ༣ པའི་ཚེས་ ༡༠ ནས། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བོད་མི་ ༦༦༨༥ ལྷག་བཙོན་དུ་ཚུད་ཟིན་ལ། བོད་མི་ ༦༨༠༠ ལྷག་བཙོན་ཁང་དུ་ལྷག་བསྡད་ཡོད་པ་དང༌། བོད་མི་ ༢༡༥ ཟླ་ ༣ པའི་ཚེས་ ༡༥ ནས་དམར་གསོད་བཏང་ཡོད། བོད་མི་ ༢༨༥ ད་དུང་སྨན་བཅོས་བྱ་ཐུབ་མེད་པར་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་མི་ ༡༠༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་གཅིག་པོའི་ནང་གྲྭ་དབྱིག་གཉེན་ཚུད་པའི་བོད་མི་ ༤༢ ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། ཁམས་དང་ཨ་མདོ་ཁུལ་དུ་མི་ ༦༠ ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འདུག གཞན། བོད་མི་ ༦༠༠༠ ལྷག་ཨོ་ལིམ་པིག་རྗེས་སུ་ཐག་གཅོད་བྱ་རྒྱུར་ལྷག་བསྡད་ཡོད་པ་སོགས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བསྡད་ཡོད།

ད་དུང་རྒྱ་ནག་གིས་བོད་ནང་ལོགས་སུ་རིག་གནས་གསར་བརྗེ་གཉིས་པ་མགོ་འཛུགས་བྱ་རྒྱུ་ཡིན་སྐོར་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཅིག་བོད་རང་སྐྱོང་ལྗོངས་ཀྱི་གསང་བའི་ཡིག་ཆ་ནས་ཕྱི་བསྒྲགས་བྱས་ཏེ་གསལ་བོར་བྱུང་ཡོད། རིག་གནས་གསར་བརྗེ་ཞེས་པ་དེ་གང་འདྲ་ཞིག་ཡིན་མིན་དེ་མི་རྒན་པ་དག་ལ་དྲིས་ན་ཁོང་ཚོས་གསལ་བོར་ཧ་གོ་གི་རེད་ལ། ད་ལྟ་རྒྱ་ནག་གིས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། ཨོ་ལིམ་པིག་རྩེད་འགྲན་རྗེས་བོད་རང་སྐྱོང་ལྗོངས་ནང་རྒྱ་མིས་མི་འབོར་ས་ཡ་ ༡ ནས་ ༢ ལྷག་གནས་སྤོར་བྱ་རྒྱུ་ཐག་ཆོད་ཡོད་འདུག  གཞན། བོད་ཁུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མགོ་འཛུགས་བྱས་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་དང༌། བོད་མི་ཚོར་སུན་གཙེར། མནར་གཅོད་ཚད་མེད་མྱངས་སུ་འཇུག་གི་ཡོད་པ་སོགས་ཀྱི་གནས་སྟངས་ཧ་ལས་པའི་ཛ་དྲག་ཆགས་འདུག  དེ་བས། ང་ཚོ་བཙན་བྱོལ་བོད་མི་ཚོས་འཚེ་བ་མེད་པ་དང༌། ཞི་བདེ། དྲང་བདེན་གྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་དགོས་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་དངོས་ཡོད་གནས་སྟངས་དེ་ཤེས་སུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མིའི་སྒེར་ལངས་གོ་སྒྲིག་ཚོགས་ཆུང་ངོས་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་དང༌། བཙན་བྱོལ་གཞུང་ལ་མཐོང་ཆུང༌། དམའ་འབེབས། ཁྱད་གསོད་བྱས་པ་སོགས་ང་ཚོའི་ངོས་ནས་ཁུངས་ལུང་བཙལ་ཏེ་ཡིག་ཆ་ཁག་གཞུང་ཚབ་སོགས་སུ་བཀྲམ་པ་དང༌། འགྲེལ་བཤད་བྱས་པ་ཡིན། དེས་མི་ཚད་ང་ཚོ་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཡོད་པ་དང༌། ཁོང་ཚོ་རྒྱལ་ཁབ་སོ་སོའི་གནད་ཡོད་མི་སྣ་དང་ཐུག་འཕྲད་བྱེད་བཞིན་ཡོད་ལ། དེ་ཚོགས་པའི་ངོས་ནས་མིན་པར་བོད་རྒྱ་ཆེ་མི་དམངས་གི་སྐུ་ཚབ་བྱས་ཏེ་འགྲོ་གིན་ཡོད། གཞིས་ལུས་བོད་མིའི་ཚབ་བྱེད་པའི་གོ་སྐབས་དེ་ང་ཚོའི་ལག་ཏུ་ཡོད་སྟབས། ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་བྱེད་དགོས་པ་རེད། ང་ཚོའི་ངོས་ནས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་སྐད་ཆ་བཤད་པར་འབྲེལ་བ་བྱེད་བཞིན་ཡོད་ལ། སྲིད་གཞུང་དང་ཚོགས་པ་ཁག མི་མང་འདུ་འཛོམས་སོགས།  མི་སུ་འདྲ་ཞིག་ཡིན་ནའང་ང་ཚོའི་བོད་ནང་གི་ད་ལྟའི་གནས་སྟངས་འགྲེལ་བརྗོད་གནང་གི་ཡོད།  ང་ཚོས་ཕྱི་ཚེས་ ༨ ནས་ལས་འགུལ་མགོ་འཛུགས་གནང་ཡོད་ལ། སྤྱི་ཟླ་ ༩ པའི་བར་གང་ནུས་ཀྱིས་ལས་འགུལ་མུ་མཐུད་ནས་སྤེལ་འཆར་ཡོད། གཙོ་བོ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་གསལ་བཤད་བྱ་རྒྱུ་དེ་ཡིན། རྒྱ་གར་ན་ཡོད་པའི་བོད་མི་ཚོས་ཀྱང་རང་ཉིད་ཀྱིས་གང་ཤེས་ཚོད་ཀྱིས་ཕྱི་གླིང་བར་འགྲེལ་བཤད་དང་གསལ་བཤད་བྱ་རྒྱུ་དེ་གལ་ཆེན་པོ་རེད། རྩེད་འགྲན་བཀག་འགོག་གི་གོ་སྐབས་ཚར་བ་རེད། འཚོགས་བཞིན་པའི་དུས་སྐབས་འདིར། སྔོན་མ་བཞིན་མི་སྒེར་དང༌། མི་མང་འདུ་འཛོམས། ད་དུང་དྲ་རྒྱའི་ཐོག་སོ་སོས་གང་འཇོན་གང་ནུས་ཀྱི་རྒྱལ་སྤྱིའི་སྤྱོ་ཚོགས་སུ་བོད་དོན་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཡོད།

དམངས་གཙོ་ཚོགས་པ་དང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་བརྗོད་དོན། དེ་རིང་བར་ང་ཚོས་ཐབས་ཤེས་ཡོད་དགུ་བཏོན་ནས་ཨོ་ལིམ་པིག་རྩེད་འགྲན་འགོག་བསམ་རུང་འགོག་ཐུབ་མེད། ང་ཚོས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་འདི་བརྒྱུད་བོད་དོན་འཐབ་རྩོད་དེ་རྒྱལ་སྤྱིའི་སྒང་བསྐྱལ་བ་དང༌། ནུས་པ་གང་ཡོད་བཏོན་ཡོད་ལ། གྲུབ་འབྲས་ཀྱང་གང་འཚམ་ཞིག་ཐོབ་ཡོད། ད་ལོ་ཕྱི་ཟླ་ ༣ པའི་བོད་ནང་བོད་མིའི་སྒེ་ལངས་ཀྱི་བོད་དོན་འཐབ་རྩོད་ལ་ཁ་ཕྱོགས་གསར་བ་ཞིག་བསྟན་ཡོད་པ་དང༌། རྒྱ་ནག་ལ་དངངས་སྐྲག་འཕར་མ་ཞིག་སྤྲད་ཡོད། རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་དེ། རང་དབང༌། ཞི་བདེ། འདྲ་མཉམ་ལས་ལྡོག་ཡོད་པས། རྒྱལ་སྤྱིའི་རྩེད་འགྲན་ཚོགས་གཙོ་གཙོ་བྱས་པའི་རྩེད་འགྲན་པ་ཚང་མས་ཧ་གོ་བར་བྱ་དགོས་སྙམ། གལ་ཏེ་ཧ་མ་གོ་བར་བྱས་ཚེ་ཨོ་ལིམ་པིག་རྩེད་འགྲན་དེར་མིང་ཤཽས་ངན་པ་ཞིག་ཆགས་ཉེན་ཆེ། ཅེས་དང༌། ད་ལྟའི་དུས་འདིར་རྒྱ་ནག་གིས་རྒྱལ་སྤྱི་ལ་ངོ་གདོང་གཞན་ཞིག་སྟོན་བཞིན་ཡོད་ལ། བོད་དེ་ཁྲིམས་མཐུན་གྱིས་དབང་བསྒྱུར་བྱས་པ་ཞིག་སྟོན་བཞིན་ཡོད་འདུག རང་དབང་རང་བཙན་ཟེར་བ་དེ་གཅིག་བྱས་ན་སྐར་མ་ཁ་ཤས་ནང་འཐོབ་སྲིད་ལ། གཅིག་བྱས་ན་དུས་ཡུན་རིང་པོ་ཞིག་འགོར་སྲིད་པ་རེད། ཡིན་ནའང་ང་ཚོའི་ངོས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་འདྲ་མིན་སྤེལ་དགོས་ཞེས་བརྗོད་སོང༌། ཉིན་དེའི་དགོང་མོར་ཚོགས་པ་བཞིའི་གོ་སྒྲིག་འོག་མེག་གྷན་ནས་མི་མང་འདུ་འཛོམས་ཐོག་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply