བུད་མེད་གཉིས་རྨས་འདུག

རྔ་བ་རྫོང་དུ་བོད་ཀྱི་བུད་མེད་གཉིས་ལ་རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ནས་རྨས་ཡོད་འདུག གནས་ཚུལ་འདི་བོད་རང་དབང་ལས་འགུལ་ཚོགས་པས་གསར་འགྱུར་བརྒྱུད་ལམ་ཁག་ལ་སྤེལ་ཡོད་པ་རེད།

བོད་རང་དབང་ལས་འགུལ་ཚོགས་པའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༩ ཉིན་རྔ་བ་རྫོང་ནས་བོད་པའི་བུད་མེད་གཉིས་ལ་རྒྱའི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་རྨས་ཡོད་ཅིང་། མེ་མདའ་རྒྱག་ས་དེ་ནི་རྔ་བ་རྫོང་ཐོག་ཏུ་རྒྱའི་ཉེན་རྟོག་པའི་སོ་ལྟ་ཁང་བཙུགས་ཡོད་པའི་ཁང་བ་ཞིག་གི་ནང་ནས་བརྒྱབས་ཡོད་ཚུལ་འདུག ཁོང་གཉིས་ཀྱིས་ངོ་རྒོལ་དང་སྐད་འབོད་བྱས་མེད་ནའང་། ཕྱི་དྲོ་དུས་ཚོད་ ༤།༣༠ ཙམ་ལ་རྫོང་ཐོག་གི་ལག་ཐོག་ཁ་པར་ཚོང་ཁང་ཞིག་གི་ནང་འགྲོ་སྐབས་མེ་མདའ་བརྒྱབས་ཡོད་འདུག དེང་སྐབས་རྔ་བ་རྫོང་ཐོག་ཏུ་དགོང་དྲོའི་དུས་ཚོད་ ༧ པ་ནས་བཟུང་མི་རྣམས་ཁྲོམ་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཡིན་ནའང་བུད་མེད་འདི་གཉིས་ཁྲོམ་ལ་བསླེབས་དུས་ནི་བཀའ་རྒྱ་འདིའི་དུས་བཀག་ལས་དུས་ཚོད་རེ་ཟུང་གིས་སྔ་བ་ཡོད་འདུག

གནས་ཚུལ་སླེབས་པ་ལྟར་ན། ཡུ་གར་བ་རྣམས་ཀྱིས་ཕྱི་ཚེས་ ༡༠ ཉིན་འཛམ་གླིང་མི་དམངས་ཀྱི་དོ་སྣང་དེ་ཨོ་ལིམ་པིག་རྩེད་འགྲན་ལས་ཕར་འཕྲོག་ཆེད་འགད་རྫས་གཏོར་ཞིང་མེ་མདའ་བརྒྱབས་ཏེ་ཁྱོན་སྡོམ་རྒྱའི་ཉེན་རྟོག་པ་ ༡༡ བསད་ཡོད་འདུག དུས་ཚོད་ ༦ གི་རྗེས་སུ་རྒྱའི་ཉེན་རྟོག་པས་ཡུ་གར་གྱི་ངོ་ལོག་པ་དེ་དག་ས་ཁུལ་དེའི་ཁྲོམ་ནས་རྗེས་འདེེད་བྱས་སྐབས་ཡུ་གར་བ་གཉིས་ལ་མེ་མདའ་ཕོག་ཡོད་པ་དང་། གསུམ་གྱིས་འགད་རྫས་དང་མཉམ་དུ་སོ་སོ་གཏོར་ཡོད་ཚུལ་འདུག

ཨོ་ལིམ་པིག་མ་ཚུགས་གོང་དུའང་ཡུ་གར་བ་རྣམས་ཀྱིས་རྒྱ་ནག་གི་དམག་སྒར་ཞིག་ལ་ཕར་རྒོལ་བྱས་ཏེ་རྒྱའི་ཉེན་རྟོག་པ་ ༡༦ བསད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བུད་མེད་གཉིས་རྨས་འདུག

  1. ཨ་གངས་རྩེན།

    གོང་གི་འབྲོག་རུ་ཆོས་གྲགས་ཀྱི་བསམ་ཚུལ་ཐུང་ངུ་དེ་འདི་ལྟར་བྲིས་འདུག

    རྒྱ་རྒན་ཚོར་དེ་འདྲ་ཅིག་བཅའ་དགོས་ཡས་བསྡད་ཡོད། ཏག་ཏག་ཡིན་འཇིག་སྐུལ་བ་དེ་ཚོ་ངར་བ་རེད། ང་ཚོ་ལྟ་བུ་མ་རེད།