ཨོ་ལིམ་པིག་གྲོལ་མ་ཐག་རྒྱ་ནག་གཞུང་གིས་རྒྱ་མི་ས་ཡ་གཅིག་བོད་ནང་གནས་སྤོར་བྱེད་རྒྱུའི་ཉེན་ཁ་འདུག་ཅེས་༧གོང་ས་མཆོག་གིས་གསུངས་ཡོད་པ་རེད།
ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ་ལྟར། གྲོས་ཚོགས་འཐུས་མི་ཚོས་བཤད་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨོ་ལིམ་པིག་གྲོལ་མ་ཐག་རྒྱ་ནག་གཞུང་གིས་རྒྱ་མི་ས་ཡ་གཅིག་ལྷག་གང་མྱུར་སྒོས་བོད་ནང་གཞིས་སྤོར་བྱེད་དུ་འཇུག་རྒྱུའི་ཉེན་ཁ་འདུག་ལ། འདིས་བོད་མིའི་མི་འབོར་དེ་སྔར་ལས་ཤུགས་ཆུང་དུ་གཏོང་གི་རེད་ཅེས་གསུངས་སོང་ཟེར་ལ། ཏཱ་ལའི་བླ་མ་མཆོག་གིས་ང་ཚོར་བོད་ནང་གི་འཛིན་བཟུང་དང་མནར་གཅོད། ཁྲིམས་གཅོད། དམག་སྒར་གསར་པ་ཁག་ཏུ་དམག་མི་འཕར་སྣོན་བྱེད་པ་སོགས་ཐུགས་འཚབ་ཆེ་བའི་གནས་ཚུལ་སྐོར་གསུངས་བྱུང་ཟེར།
རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་དག་གིས། ༢༠༠༦ ལོར་བོད་ནང་མེ་འཁོར་སླེབས་པ་ནས་བཟུང་རྒྱ་མི་འབོར་ཆེན་བོད་ནང་སླེབས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ངོ་བོ་དེ་དམིགས་བསལ་གྱིས་རླག་གི་འདུག་ཟེར་ལ། རྒྱ་ནག་གིས་འདི་ལ་ངོས་ལེན་མི་བྱེད་པར། དཔལ་འབྱོར་འཛུགས་སྐྲུན་སྔར་ལས་གོང་འཕེལ་ཆེ་ཞིང་བོད་ཀྱི་རིག་གཞུང་གཅེས་ཉར་བྱེད་ཀྱི་ཡོད་ཚུལ་དང་། རྒྱ་རིགས་མི་འབོད་ཉུང་ཉུང་ཞིག་མ་གཏོགས་བོད་ནང་གཏན་སྡོད་བྱེད་ཀྱི་མེད་ཚུལ་བརྗོད་ཀྱི་ཡོད་པ་རེད།