མ་དགའ་ན་མི་ཆོག་པའི་ཨོ་ལིམ་པིག

ཡུས་ཅེ་ཡིས་བརྩམས། དོན་གོས་ཕབ་བསྒྱུར་བྱས།   

 

 ཨོ་ལིམ་པིག་ལ་ཉིན་ཁ་ཤས་ལས་མེད་པའི་དུས་འདིར། པེ་ཅིན་གྱི་ཉེན་རྟོག་མགོ་གཙོ་ཀྲའོ་ལགས་དང་གཞན་ཁ་ཤས་ཤིག་ང་འཚོལ་བར་སླེབས་སོང༌། ཁོང་ཚོས་ང་ལ་ཨོ་ལིམ་པིག་ལ་ལྟ་སྟངས་གང་འདྲ་ཡོད་མེད་སྐོར་འདྲི་གིན་འདུག  ང་དང་དམིགས་བསལ་རྒྱལ་སྲུང་ལས་ཁུངས་བར་འབྲེལ་འདྲིས་ཐེངས་མང་བྱས་མྱོང༌།  ཁོ་ཚོ་ནི་རྒྱ་ནག་གི་གསང་བའི་ཉེན་རྟོག་རྩ་འཛུགས་ཀྱི་མི་སྣ་ཡིན་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཕྱི་རོལ་ཏུ་ཡོད།

མཚམས་རེར། ཁོང་ཚོས་ང་ལ་བཙན་བཀའ་དང་བཙན་ལས་བྱེད་གི་འདུག་ལ།  ད་དུང་སུ་གང་གིས་མི་ཤེས་བའི་ངང་རླངས་འཁོར་དོན་རྐྱེན་ཞིག་བཟོས་ཏེ་ཁྱེད་རང་འཇིག་རྟེན་དང་གཏན་བྲལ་བྱེད་དུ་འཇུག་ཆོག་ཅེས་ང་ལ་འཇིགས་སྣང་སྐུལ་བ་དང་ཐ་ཚིག་སྒྲོག་གི་ཡོད།  ཡང་སྐབས་རེར། ཁོང་ཚོས་ངའི་འཚོ་བར་སེམས་ཁྲལ་ཡོད་མདོག་དང༌།  གྲོགས་པོ་ཞིག་གི་ཚུལ་དུ་བརྩི་གྱིན་པའི་རྣམ་པ་འཁྲབ་གིན་འདུག

ངས་ཁོང་ཚོར་དྲང་གཏམ་བཤད་པ་ཡིན། ཨོ་ལིམ་པིག་ཕྱོགས་ནས་ངས་རྒྱབ་སྐྱོར་མི་བྱེད་ལ། དགག་པའང་མེད། མ་གཞི་ང་ཨོ་ལིམ་པིག་ལ་སྤྲོ་བ་མི་འདུག  ངས་རྩེད་མོའི་རིག་གཅིག་ལའང་བལྟ་རྒྱུ་མིན་ལ། ཨོ་ལིམ་པིག་དང་འབྲེལ་བའི་ལས་འགུལ་གང་རུང་ལའང་འཛུལ་ཞུགས་བྱ་རྒྱུ་མིན་ཅེས་བཤད་པ་ཡིན།  

ཐོག་མར། ཨོ་ལིམ་པིག་ས་ཆ་གང་ནས་འགོ་འཛུགས་བྱས་ནའང༌། ང་ལ་དགའ་སྣང་ཅི་ཡང་མི་འདུག  ངས་རྒྱལ་སྤྱིའི་རྩེད་འགྲན་ཚོགས་པ་ནི་ངན་རུལ་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཏུ་བསམ་ཡོད་ལ། རྩེད་འགྲན་སྐབས་ཆུ་ཚད་འདྲ་མིན་གྱི་ལུས་རྩལ་པས་སྟོབས་རྒྱས་སྨན་ཟ་བཞིན་པའི་སྐྱུག་བྲོ་བའི་གནས་ཚུལ་ཐོས་མྱོང་ལ།  སྣང་ཚུལ་འདི་དག་ལ་གཞིགས་ཚེ་དེང་རབས་ཀྱི་ལུས་རྩལ་འགྲན་ཚོགས་ཏེ། ལུས་རྩལ་པའི་གཟུགས་པོར་གནོད་འཚེ་བྱས་པའི་ལུས་རྩལ་བྱ་འགུལ་ཞིག་ཏུ་གྱུར་ཟིན་ལ། ལུས་རྩལ་བྱ་འགུལ་གྱི་ཚད་ལས་བརྒལ་བའི་ཚོང་ལས་དེས་ཨོ་ལིམ་པིག་ཏེ་གནའ་བོའི་ཨོ་ལིམ་པིག་གི་སྙིང་སྟོབས་དང་རིང་དུ་གྱེས་ཡོད་པ་ཚོར་ཐུབ།  

དེ་མིན། ཨོ་ལིམ་པིག་པེ་ཅིན་དུ་འཚོགས་རྒྱུ་ལས་སླ་མོ་ཞིག་མིན།  པེ་ཅིན་ལ་ཁོར་ཡུག་དང་ཕྱོགས་ཡོངས་ནས་ཆ་རྐྱེན་གཏན་ནས་མི་འཛོམས། གལ་སྲིད་རྒྱ་ནག་ལ་རྒྱུ་དང་འབྱོར་བ་ལྡན་ཚེ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་སུ་མི་གཏོང་བར། རྩེད་འགྲན་རྭ་བ་ཞིག་གཞན་ལ་ངོམ་སོ་བྱ་ཆེད་དངུལ་གྱི་འགྲོ་གྲོན་ཆེན་པོ་གཏོང་དགོས་དོན་མི་འདུག་བསམ།  ཕྱོགས་གཞན་ཞིག་ནས། ངས་ཨོ་ལིམ་པིག་ལ་ངོ་རྒོལ་བྱེད་ཀྱིན་མེད་ལ། ཨོ་ལིམ་པིག་ལ་དམིགས་ཏེ་ངའི་ཆབ་སྲིད་ཀྱི་ལྟ་སྟངས་བརྗོད་གི་མིན། ཨོ་ལིམ་པིག་རྩེད་འགྲན་ལ་འབོད་སྐུལ་ཞུ་བཞིན་པ་དག་ལའང་ཡིད་ཆེས་མི་འདུག  བསམ་ཚུལ་འདི་ནི་ལོ་བདུན་སྔོན་ཨོ་ལིམ་པིག་རྒྱལ་ཁབ་གང་ཞིག་ཏུ་འཚོགས་མིན་གྱི་འོས་ཤོག་འཕེན་སྐབས་ད་གཟོད་དོན་སྙིང་ཡོད་པ་ལས། རྒྱལ་སྤྱིའི་རྩེད་འགྲན་འཚོགས་གཏན་འཁེལ་རྗེས་བཀག་འགོག་བྱས་པ་ནི་འཕྱི་དྲག་པ་རེད་བསམ།  

གཞན་གྱི་མདུན་ནས་རང་ཉིད་ཀྱི་ངོ་གདོང་སྲུང་བར་དགའ་བའི་རྒྱ་ནག་ལ། བཀག་འགོག་དང་ངོ་ཚ་བསླངས་ཏེ་ཁོང་ཁྲོ་བསླངས་ཚེ། རྒྱ་ནག་གི་འགྲོ་བ་མིའི་རང་དབང་གནས་སྟངས་འདི་ལས་སྡུག་ཏུ་འགྲོ་སྲིད། དེ་བས། ངས་ཨོ་ལིམ་པིག་ལ་རྒྱབ་སྐྱོར་མེད་པ་དང༌།  ངོ་རྒོལ་མེད་པ།  དགའ་བ་མེད་པ་བཅས་ཡིག་འབྲུ་དགུ་ཡིས་བསྡུས་པའི་ལྟ་ཚུལ་བཟུང་ཡོད།  ཨོ་ལིམ་པིག་མི་དགའ་བའི་དབང་ཆ་ང་ལ་ཡོད་སྟེ། རྒྱ་ནག་གིས་ངའི་ལྟ་ཚུལ་འདི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱེད་མི་སྲིད་ནའང༌། ཁོང་ཚོས་བརྒྱུད་ལམ་ཁག་ཏུ་སྒྲོག་བཞིན་པ་ནི་མི་མང་གིས་ཇི་ལྟར་དགའ་སྤྲོའི་ངང་དུས་སྟོན་ལ་རོལ་བཞིན་པ་ཁོ་ན་ཡིན་པ་ལས།   ལྷད་མེད་པའི་འཛུམ་མདངས་སྟོན་མཁན་ཉུང་ཉུང་ཤིག་ལས་མེད་པ་དེ་དུས་ནམ་ཡང་སྟོན་གི་མ་རེད། ཅེས་བཤད།
 
ངའི་བསམ་ཚུལ་འདི་དག་ལ་ཉན་རྗེས། ཀྲའོ་ཉེན་རྟོག་པས། ཆབ་སྲིད་སྐོར་གྱི་གནད་དོན་གྲོས་བསྡུར་མི་བྱེད། འདི་ངའི་བྱ་བའི་ཁྱབ་ཁོངས་མ་རེད་ཅེས་བརྗོད་བྱུང༌། དེ་དང་ཆབས་ཅིག་ང་ལ་བསམ་ཚུལ་ཅིག་བརྗོད་བྱུང༌། ཁོས་ཁ་སྙན་ཚིག་སྙན་གྱི་སྒོ་ནས། གོང་རིམ་གྱིས་ང་ཚོར་ཨོ་ལིམ་པིག་སྐབས་ཁྱེད་ལ་ཞབས་ཞུ་གང་ལེགས་སྒྲུབ་པའི་བཀའ་བཏང་ཡོད། ཁྱེད་རང་ཕྱི་རོལ་ཏུ་འགྲོ་དུས་ང་ཚོའི་རླངས་འཁོར་ལ་བསྡད་དེ་སོང་ན་འགྲིག  ཨོ་ལིམ་པིག་སྐབས་རླངས་འཁོར་མཁོ་གཏོང་ལ་ཚོད་འཛིན་ཡོད་པ་མ་ཟད། སྣུམ་གྱི་གོང་ཡང་ཆེན་པོ་རེད། ང་ཚོས་ཁྱེད་ལ་ཞབས་ཞུ་བྱེད་དུས་ཁྱེད་རང་གང་འདོད་དུ་འགྲོ་འོང་བྱེད་ཆོག་གི་རེད། འདི་མཐའ་དག་གཅིག་གོ་གཉིས་ཆོད་རེད། ང་ཚོའི་རླངས་འཁོར་ལ་བསྡད་ན་འགྲོ་འོང་བདེ་འཇགས་ཡིན་ཚུལ་སོགས་བརྗོད་སོང་ལ། ཁོང་གི་སྐད་ཆ་འདི་དག་བཤད་སྐབས་  ༼བདེ་འཇགས་༽  ཞེས་པའི་ཡིག་འབྲུ་གཉིས་ལ་ཆེད་དུ་ནན་བཤད་བྱེད་གིན་འདུག  ཡིག་འབྲུ་འདི་གཉིས་ཀྱི་ལྐོག་ཏུ་ཅི་ཡོད་མ་བཤད་པའི་རྒྱུ་མཚན་ནི། གལ་སྲིད་ཁྱེད་རང་ང་ཚོའི་རླངས་འཁོར་ལ་མ་བསྡད་ཚེ་བདེ་འཇགས་མིན་ཚུལ་བརྗོད་ཡོད་འདུག

ཁོང་ཚོའི་བསམ་ཚུལ་འགོག་པའི་ཐབས་ལམ་ང་ལ་མེད། མ་གཞི་འདི་ནི་མི་མང་གི་འགྲོ་བ་མིའི་རང་དབང་ལ་བཙན་འཛུལ་བྱེད་པ་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་བཞིན་པ་དེ་རེད། འོན་ཀྱང༌། ངས་ལག་བསྟར་བྱེད་མཁན་གྱི་མི་སྣ་དང་ཐད་ཀར་འགལ་རྐྱེན་མི་བཟོ། གལ་སྲིད། འགལ་རྐྱེན་དེ་ཚད་མཐོ་རུ་སོང་བ་ཡིན་ན། ཁོང་ཚོས་ང་རང་ཁྱིམ་དུ་འགོག་སྲིད་ལ། འགྲོ་འདུག་གི་རང་དབང་མེད་པར་བཟོ་སྲིད། དེ་ལྟར་ཡིན་ཀྱང་ཡིན་ལ། སྤྱི་ཟླ་ ༧  པའི་ཚེས་ ༣༠ ནས། རྒྱུན་གོས་གྱོན་པའི་ཉེན་རྟོག་པས་ངའི་འདུག་གནས་ཉེ་འཁོར་རུ་སོ་ལྟ་བྱས་ནས་བསྡད་འདུག་ལ། ད་དུང་ང་བསྡད་སའི་ཁང་བརྩེགས་འོག་ཏུ་བཀོད་འདོམས་ཁང་ཆུང་ཆུང་ཞིག་ཀྱང་བཙུགས་འདུག

ཁོང་ཚོས་ད་དུང་ལྟ་སྲུང་བ་ཅིག་དང་ན་གཞོན་ཞིག་ཆུ་ཚོད་ཉེར་བཞིའི་རིང་ངའི་སྡོད་གནས་ཉེ་འཁོར་དུ་བཀོད་འདོམས་བྱས་འདུག་ལ།  མཚམས་རེར་ང་ཕྱི་རུ་འགྲོ་དུས་ལྟ་སྲུང་དམག་མི་དང་ན་གཞོན་དེ་གཉིས་ཀྱིས་གཞུང་ལས་ཁང་ལ་ཡར་ཞུ་བྱེད་བཞིན་ཡོད་འདུག་ལ། རྒྱལ་སྲུང་བ་གཉིས་སླེབས་ཏེ་གར་འགྲོ་འདྲི་བ་དང་ཁོང་ཚོའི་རླངས་འཁོར་གྲ་སྒྲིག་བྱེད་བཞིན་འཛེམས་དོགས་མེད་པར་ང་སྡོད་དུ་འཇུག་གིན་འདུག ང་དང་ཆུང་མ་མཉམ་དུ་ཚོང་རྭར་འགྲོ་སྐབས་ཁོང་ཚོས་སྐྱེལ་མ་བྱེད་གི་འདུག་ལ། ད་དུང་ཚོང་ཟོག་འཁྱེར་རོགས་ཀྱང་བྱེད་གི་འདུག  རླངས་འཁོར་ཁ་ལོ་བ་དང་གཡོག་པོ་སོགས་འཛོམས་པ་འདི་ཕལ་ཆེར་བཟོ་གྲྭ་ཆེན་པོ་ཞིག་གི་སྤྱིན་བདག་ལ་ཐོབ་འོས་པའི་ཐོབ་ཐང་ཤིག་ཡིན་འོས། ནམ་རྒྱུན། ང་ཕྱི་རུ་མ་སོང་བར་ས་སྲོད་དུ་ཉེ་འདབས་ནས་འཆམ་འཆམ་ལ་འགྲོ་དུས། ལྟ་སྲུང་བ་དང་ན་གཞོན་དེ་གཉིས་ཀྱིས་ངའི་རྗེས་བསྙེགས་གིན་ཡོད་འདུག་ལ།  ཁོང་ཚོའི་གཡོ་འགེབ་ཀྱི་རྣམ་པ་ངས་མཐོང་གིན་འདུག ང་ཕྱིར་འཁོར་ཏེ་ལྟ་སྐབས་ཁོང་ཚོས་ཕྱོགས་གཞན་ཞིག་ལ་འགྲོ་ཁུལ་གྱི་རྣམ་པ་སྟོན་གི་འདུག

དོན་དངོས་སུ། ངའི་བྱུང་བ་འདི་དག་ནི་བསམ་འཆར་མི་མཐུན་པའི་མིའི་ཁྲོད་ནས་ཡག་ཤོས་ཤིག་ཏུ་བརྩི་འོས། དེ་ལྟ་ནའང༌། མི་འདྲ་བའི་མི་ལ་བྱེད་སྟངས་མི་འདྲ་བ་ལག་ལེན་བྱེད་བཞིན་འདུག  དཔེར་ན། གོང་རིམ་ལ་བདེ་སྡུག་ཞུ་མཁན་གྱི་མི་མང་དེ་དག་དང༌། སྡོད་གནས་ནས་བཙན་གྱི་གནས་སྤོར་བྱེད་མཁན་གྱི་ས་གནས་ཡུལ་མི་ཚོར།  ཉེན་རྟོག་པས་ཁོང་ཚོར་དྲག་པོའི་ལམ་ནས་བཙན་གྱིས་པེ་ཅིན་དང་ཁ་གྱེས་སུ་འཇུག་གིན་ཡོད་པ་དང༌། ཁོང་ཚོས་ཨོ་ལིམ་པིག་ལ་གནོད་པ་བྱ་བར་འགེབས་སྲུང་བྱེད་བཞིན་འདུག   གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མ་ཡུམ་ལས་འགུལ་སྤེལ་མཁན་གྱི་ཨ་མ་ཏིན་ཙི་ལིན་ཡང་འགྲིམ་འགྲུལ་སྟབས་བདེ་མིན་པའི་གྲོང་མཐའ་ཞིག་ཏུ་གནས་སྡོད་བྱེད་དུ་བཅུག་ཡོད་འདུག་ལ། ད་དུང་རྒན་མོར་སེམས་ཁུར་ཡོད་མདོག་གིས་རྒྱལ་ཁབ་གཞན་ཏུ་ཡུལ་སྐོར་ལ་བཏང་ཡོད་འདུག གཞན། རྒྱུན་ཏུ་འགྲོ་བ་མིའི་ཐོབ་ཐང་གྱོད་དོན་ཞིབ་བཤེར་བྱེད་བཞིན་པའི་ཁྲིམས་རྩོད་པ་དག་ཀྱང་དམག་མིས་རང་ཁྱིམ་དུ་བཀག་ཉར་བྱས་ཏེ། ལས་དོན་བསྒྲུབ་འཇུག་གི་མེད། ད་དུང་ང་དང་ཁྱིམ་གཅིག་གི་སློབ་གསོ་འོག་འཚར་ལོངས་བྱུང་བའི་གྲོགས་པོ་ཞིག་ཀྱང་འགྲོ་བའི་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་ཐད་ཉེན་རྟོག་པས་ནམ་རྒྱུན་སུན་པོ་བཟོ་བཞིན་ཡོད་འདུག

ཨོ་ལིམ་པིག་གིས་ངའི་འགྲོ་བ་མིའི་རང་དབང་རྡོག་རོལ་བྱས་པ་ཙམ་མ་ཡིན་པར། ཉེན་རྟོག་པ་དེ་དག་ལའང་སྙིང་རྗེ་སྐྱེ་བ་ཞིག་འདུག  ཉེན་རྟོག་པ་ཚོ་དང་ལབ་གླེང་བྱེད་སྐབས། ཁོང་ཚོའི་ཁྲོད་དུའང་ཨོ་ལིམ་པིག་ལ་མི་དགའ་མཁན་ཡོད་པ་གཞི་ནས་ཤེས། ཨོ་ལིམ་པིག་ཆེད་ཁོང་ཚོའི་ལས་ཀ་ཇེ་ལྗི་དང་འགན་འཁུར་ཇེ་ཆེ་སོགས་ཀྱིས་ནང་མི་ལྷན་འཛོམས་དང་ངལ་གསོའི་དུས་ཚོད་མེད་པ་སོགས་ཀྱི་དཀའ་ངལ་རེད། རྒྱུན་གོས་གྱོན་པའི་ཉེན་རྟོག་མི་སྣ་ཞིག་གིས་ང་ལ།  ཕོར་བ་འདིའི་ཆེད་དུ་ཁྱེད་ཀྱི་འཚོ་བ་མི་དཀྲོག་ཐབས་མེད་དུ་གྱུར་ཚུལ་སོགས་བརྗོད་སོང་།  

ང་ལ་ལྟ་རྟོག་བྱེད་མཁན་དག་གིས་ཀྱང་དཀའ་ལས་མི་དམན་པ་ཞིག་མྱོང་གིན་ཡོད་ལ། གཞུང་ལས་ཁང་དང་སོ་མྱུལ་བྱེད་སར་ཉིན་གཅིག་ལ་མི་ ༡༢ ལྷག་ཡོད་འདུག་ལ། མི་རེར་ཟླ་རེའི་གླ་ཕོགས་སྒོར་ ༣༠༠༠ ལ་རྩིས་བརྒྱབ་ཚེ་ཟླ་རེར་སྒོར་ ༣༦༠༠༠ ལྷག་གི་འགྲོ་སོང་དང༌། ད་དུང་རླངས་འཁོར་རྩིས་བརྒྱབ་ཚེ་སྒོར་ ༤༠༠༠༠ ལྷག་གི་འགྲོ་སོང་ཡོད་པ་རེད། འདི་ལྟར། ང་ལྟ་བུ་ཞིག་གི་ཆེད་དུ་རྒྱ་སྒོར་ ༤༠༠༠༠ ལྷག་གི་འགྲོ་སོང་བཏང་བ་ཡིན་ན། པེ་ཅིན་དུ་ང་ལྟ་བུའི་ལྟ་བ་འཛིན་མཁན་མི་བཅུ་གྲངས་ཤིག་ཡོད་ལ། འདི་གཅིག་པོའི་སྒང་གི་འགྲོ་སོང་གིས་སི་ཁྲོན་རང་བྱུང་གནོད་འཚེ་ས་ཁུལ་ཏུ་སློབ་གྲྭ་ཁག་ག་ཚོད་ཞིག་འཛུགས་ཐུབ་བམ། ཡིན་ནའང༌། གཞུང་ཕྱོགས་ཀྱི་མ་དངུལ་གཏོང་ཕྱོགས་དེ་ང་ཚོའི་བསམ་བློ་གཏོང་ཕྱོགས་དང་རྩ་བ་ནས་མི་མཐུན་ལ། རྒྱལ་ཁབ་ཀྱི་མ་དངུལ་ཏེ་ཏང་གི་དངོས་རྫས་ཡིན། གསང་བའི་ཉེན་རྟོག་གི་འགྲོ་སོང་དེ་མི་མང་ཚོགས་ཆེན་སྟེང་ད་ལྟའི་བར་གྲོས་མོལ་བྱས་མྱོང་མེད།

ལོ་བརྒྱད་ཀྱི་ཡར་སྔོན་དུ། ཨོ་ལིམ་པིག་རྒྱལ་ཁའི་ངང་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་དུས་དེར། དངོས་གནས་རྒྱ་ནག་མི་མང་དགའ་སྤྲོ་རབ་དུ་འབར་ཞིང༌། རང་འགུལ་གྱིས་ཁྲོམ་གཞུང་དུ་རྟེན་འབྲེལ་ཞུས་ཡོད་པ་དང༌། དེའི་ཁྲོད་དང་བླངས་ཀྱིས་ཨེ་ཙི་ན་ཚ་ལ་ལྟ་རྟོག་བྱེད་མཁན་དང༌། འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་མཁན་ཧོའུ་ཅཱ་ཡང་ཡོད།  ཧོའུ་ཅཱ་ཡིས་ཐ་ན་ཨོ་ལིམ་པིག་རྒྱ་ནག་ལ་འཚོགས་གཏན་གྱི་ཐོབ་ཐང་རག་སྐབས་མིག་ཆུ་ཡང་བཏོན་མྱོང་མོད། ཡིན་ནའང༌། ལོ་བརྒྱད་ཀྱི་རྗེས་སུ། ཧོའུ་ཅཱ་འགྲོ་བ་མིའི་ཐོབ་ཐང་ཆེད་བཙོན་དུ་ཚུད་ཡོད་པ་མ་ཟད།  སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ངོ་གསུམ་གྱི་ཁྲིམས་ཆད་ཕོག་ཡོད་ཅིང༌། ཁོང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག  པེ་ཅིན་དུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་འཚོགས་པའི་ལོ་དེར། ན་གཞོན་ཧོའུ་ཅཱ་ཡིས་དགའ་སྤྲོའི་ངང་དང་བླངས་ཞབས་ཞུ་བྱས་མྱོང༌། དུས་དེ་རིང༌། པེ་ཅིན་དུ་ཨོ་ལིམ་པིག་གཟབ་རྒྱས་ངང་འཚོགས་སྐབས། ན་གཞོན་ཧོ་ཅཱ་བཙོན་དུ་ཚུད་ཅིང་དང་བླངས་མི་སྣ་བྱ་རྒྱུའི་རེ་བ་ནམ་ཡང་མེད་པར་གྱུར། པེ་ཅིན་མི་མང་གིས། ཨོ་ལིམ་པིག་ཡིས་ཁོང་ཚོའི་འཚོ་བར་དཀའ་སྡུག་ལྷག་མ་ཞིག་བསྣན་ཡོད་ཚུལ་བརྗོད་བཞིན་འདུག་ལ། ཁྲོམ་ལམ་ཚང་མ་མེ་མདའ་འཁུར་མཁན་དམག་མིའི་གང་ཡོད་པ་དང༌། ད་དུང་འཕུར་མདའ་བྱེའུ་ཚང་སྒོ་འགྲམ་དུ་བཞག་ཡོད་འདུག  གཞན། ས་འོག་ལྕགས་ལམ་དང་གནམ་གྲུ་ཐང་སོགས་སུ་བདེ་འཇགས་བརྟག་དཔྱད་བྱས་པ་ཧ་ཅང་དམ་དྲག་ཡིན་པ་དང༌། གཅིག་མཚུངས་ཀྱི་བྱེད་ཐབས་དེ་སྤྱི་སྤྱོད་རླངས་འཁོར་ནང་དུའང་ལག་བསྟར་བྱེད་བཞིན་འདུག ད་ལྟའི་པེ་ཅིན་དེ་མི་སེར་གྱི་པེ་ཅིན་མ་ཡིན་པར་གྲོང་ཁྱེར་ཡོངས་ཞེད་སྣང་ཁྲོད་འཚོ་ཞིང་གནས་ཡོད། སྤྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་སྐབས་དམག་མིས་སློབ་མ་དང་མི་དམངས་དམར་གསོད་བྱས་རྗེས་ཀྱི་ཟླ་ཁ་ཤས་སུ། ཉེན་ཟོན་དམ་བསྒྲགས་བྱས་པའི་པེ་ཅིན་ལ་ད་ལྟའི་འཇིགས་སྐུལ་གྱི་རྣམ་པ་འདི་ཡོད།  

ཀྲུང་གོའི་གཞུང་ཕྱོགས་ནས། ཨོ་ལིམ་པིག་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་ཞེན་བྱས་པའི་བྱ་སྤྱོད་ཅིག་ཡིན་ཚུལ་བརྗོད་བཞིན་ཡོད་འདུག པེ་ཅིན་དུ་སྤྱི་གླིང་གསུམ་དེ་ཨོ་ལིམ་པིག་སྐབས་མི་མང་གི་རྔམ་སྟོན་ཁྲོམ་སྐོར་ས་ཚིགས་སུ་ཐག་བཅད་ཉིན་ནས། རྒྱལ་སྲུང་ཚོགས་པས་ཉི་ཧོང་ལ་ངོ་རྒོལ་བྱེད་རྒྱུའི་སྙན་ཐོ་ཞིག་བཀོད་ཡོད་པ་དང་། ཉི་ཧོང་སྲིད་བློན་ཧྤུ་ཐེན་ཀང་ཨོ་ལིམ་པིག་མཛད་སྒོར་བཅར་སྐབས་གནས་ཚུལ་འདིའི་ཐད་ཞིབ་ཚགས་ཀྱིས་བསམ་བློ་བཏང་ཡོད་པ་དང༌། དམག་སྤྱོད་གནམ་གྲུར་བསྡད་དེ་པེ་ཅིན་དུ་ཡོང་ཡོད་འདུག  འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཉི་ཧོང་གི་གནམ་གྲུ་རྒྱ་ནག་ནང་སླེབས་པ་ཐེངས་དང་པོ་ཡིན་ལ། འདི་ནི་རང་བཀུར་གྱི་སེམས་པ་ཤུགས་ཆེ་ཞིང་རྒྱལ་ཞེན་ཆེ་བའི་མི་དག་ལ་མཚོན་ན། དང་ལེན་བྱེད་མི་ཐུབ་པའི་དངོས་ཡོད་ཅིག་ཡིན་སྟབས།  མི་དེ་དག་གིས་ཉི་ཧོང་ལ་ངོ་རྒོལ་བྱས་པའི་ཐོག་ནས་རང་ཉིད་རྒྱལ་ཁབ་ལ་དགའ་བའི་རྣམ་པ་དེ་མཚོན་བཞིན་ཡོད་པ་རེད། ཡིན་ནའང༌། གཞུང་ཕྱོགས་ནས་ཁོང་ཚོའི་སྙན་ཐོ་ཕྱིར་སྤྲད་ཡོད་པ་མ་ཟད། གནོན་ཤུགས་སྤྲད་དེ་ཨོ་ལིམ་པིག་སྐབས་པེ་ཅིན་དང་ཁ་བྲལ་དགོས་བྱུང་ཡོད་པ་རེད། ཨོ་ལིམ་པིག་ཆེད་རང་ཉིད་ཀྱི་རྒྱལ་ཞེན་ཀྱི་དབང་ཆའང་རྩ་བ་ནས་མེད་པར་བཟོས་སོང༌།

རྒྱལ་ཁབ་གང་དུ་ཨོ་ལིམ་པིག་འཚོགས་རུང༌། རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཞིག་ཨོ་ལིམ་པིག་ལོ་རྒྱུས་སྟེང་བྱུང་མྱོང་མེད་ལ། ཐེངས་འདི་ནི་མི་རྣམས་མ་དགའ་ན་མི་འགྲིག་པར་གྱུར་བའི་ཨོ་ལིམ་པིག་ཐེངས་དང་པོ་ཡིན་པ་དང༌། ཐེངས་འདི་ནི་ལུས་རྩལ་པ་མི་གཙོ་བར་དམག་མི་དང་ཉེན་རྟོག་པ་གཙོ་བའི་ཨོ་ལིམ་པིག་ཞིག་ཡིན་འདུག  ནཱ་ཛེ་མི་རིགས་ཀྱིས་པོ་ལན་ཌི་རུ་འཚོགས་པའི་ཨོ་ལིམ་པིག་ཡི་དུས་སུའང་འདི་འདྲའི་སྨྱོ་ཧམ་བྱས་མེད། ཨོ་ལིམ་པིག་ནི་ཤིང་སྡོང་ཆེན་པོ་ཞིག་དང་འདྲ་ལ་། དེ་པེ་ཅིན་ལྟ་བུའི་ཆུ་རྒྱུན་མེད་པའི་གནས་སུ་དབོར་རྗེས། ད་དུང་སྔོ་ལྗང་ལྗང་དུ་གནས་ཐུབ་བམ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply