མི་སྣ་གོ་སྒྲིག་གིས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན།

 

ཨོ་ལིམ་པིག་རྩེད་འགྲན་འཚོགས་བཞིན་པའི་སྐབས་འདིར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་སྐོར་ཁག་འགས་པེ་ཅིན་ནས་བོད་དོན་ཆེད་ལས་འགུལ་སྤེལ་བ་ནི། འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་སྟེང་གི་བོད་དོན་ལས་འགུལ་ཤུགས་ཆེ་ཤོས་དེ་ཆགས་ཡོད་ལ། ད་དུང་མུ་མཐུད་ཨོ་ལིམ་པིག་རྩེད་འགྲན་མཇུག་མ་སྒྲིལ་བར་ལས་འགུལ་སྤེལ་རྒྱུ་ཡིན་འདུག
ཨོ་ལིམ་པིག་རྩེད་འགྲན་མགོ་འཛུགས་བྱས་ནས་ད་བར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ ༣༦ ཙམ་གྱིས་སྐོར་ཁག་བགོས་ཏེ། པེ་ཅིན་ནས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་ཡོད་ལ། ཁོང་ཚོས་བོད་ཀྱི་རྒྱལ་དར་དང་བོད་མིའི་འབོད་ཚིག བོད་མིའི་རང་དབང་བཅས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། ཡིན་ནའང༌། ཁོང་ཚོ་ནི་ཐེངས་འདིར་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་པོར་སླེབས་པའི་རྒྱ་ནག་གི་སྐུ་མགྲོན་ཡིན་ལ། མི་རེ་རེའི་རྒྱབ་ན་རང་རང་གི་རྒྱལ་ཁབ་དང༌། མི་རེ་རེའི་ལག་ན་ཁྲིམས་མཐུན་གྱི་ཆོག་མཆན་ཡོད་སྟབས་རྒྱ་ནག་གིས་རྡུང་མི་ནུས་ཤིང༌། འགོག་མི་ཐུབ་པར་ཉིན་རེ་ཟུང་རྗེས་ནས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་གཏོང་གི་ཡོད། བོད་རང་དབང་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། སྤྱིར་ལོ་སྔོན་མ་ནས་ང་ཚོས་བོད་རིགས་རྒྱལ་ཁབ་གཞན་གྱི་སྐྱབས་བཅོལ་ལག་འཁྱེར་ཡོད་མཁན་དེ་འདྲར་རྒྱ་ནག་ཨོ་ལིམ་པིག་རྩེད་འགྲན་སྟེང་འགྲོ་རྒྱུར་ལག་འཁྱེར་རག་ཚེ་བོད་མི་རང་གིས་ངོ་རྒོལ་བྱས་ཚེ་ནུས་པ་ཤུགས་ཆེ་བ་འཐོན་གི་རེད་བསམ་ནས་ཐབས་ཤེས་མང་བོ་བྱས་ནའང༌། ཕྱི་རྒྱལ་རྒྱལ་ཁབ་གང་འདྲ་ཞིག་གི་མི་སེར་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་མི་ཡིན་ཚུད་ལ་ལག་འཁྱེར་སྤྲོད་ཀྱི་མེད་པར་བརྟེན་འགྲོ་ཐུབ་ཀྱི་མི་འདུག དཔེར་ན་ཉེ་ཆར་ཨོ་ལིམ་པིག་རྩེད་འགྲན་མགོ་འཛུགས་མ་བྱས་གོང་ཨ་རིའི་སན་ཧཕུ་རན་སི་སུ་ཁོ་ནས་བོད་རིགས་བུད་མེད་སྙན་གྲགས་འབོད་པ་ཞིག་གིས་རྒྱ་ནག་ཨོ་ལིམ་པིག་རྩེད་འགྲན་ཐོག་འགྲོ་རྒྱུར་རྒྱ་ནག་གཞུང་ཚབ་ཁང་དུ་ཆོག་མཆན་ཞུས་ཡོད་ནའང༌། བློ་ཡུལ་ལས་འདས་པ་ཞིག་ལ་གཞུང་ཚབ་ཁང་གིས་ཁོ་མོའི་ཕྱི་སྐྱོད་ལག་འཁྱེར་བོར་བརླག་སོང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག དེར་བརྟེན་ཕྱི་རྒྱལ་ནས་བོད་པ་ཡིན་པའི་མིང་ཞིག་ཤེས་རྟོགས་བྱུང་ཚེ་བཀག་འགོག་བྱེད་པའི་ཐབས་ཤེས་སྣ་ཚོགས་བྱེད་ཀྱིན་འདུག འདི་དཔེ་མཚོན་ཞིག་རེད། ཡིན་ནའང༌། ང་ཚོ་བོད་རང་དབང་སློབ་ཕྲུག་ཚོགས་པར་ཁེ་བཟང་ཞིག་ཡོད་པ་ནི། ཕྱི་རྒྱལ་གྱི་ཚོགས་མི་མང་བོ་ཡོད་པ་དེ་རེད། ཕྱི་རྒྱལ་གྱི་ཚོགས་མི་དེ་ཚོས་སྔོན་མ་ནས་ཨོ་ལིམ་པིག་རྩེད་འགྲན་ནི་གོ་སྐབས་ཤིག་རེད་ལ། རྩེད་འགྲན་འདིའི་སྟེང་ལས་འགུལ་གང་འདྲ་ཞིག་སྤེལ་ཐུབ་ནའང་སྤེལ་གྱི་ཡིན་ཞེས་བརྗོད་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ལོ་སྔོན་མར་ལས་འགུལ་སྤེལ་སྐབས་ཞི་བའི་སྒོ་ནས་ལས་འགུལ་སྤེལ་ཐུབ་རྒྱུར་ཟབ་སྦྱོང་མང་བོ་སྤྲད་ཡོད་ཅེས་དང༌། ཡང་ཁོང་གིས་ཐེངས་འདིའི་ལས་འགུལ་འདི་དག་སྔོན་ཚུད་ནས་ཨ་རིར་རྟེན་གཞི་བྱས་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་ཚགས་ཚུད་བྱས་པ་དང༌། ལས་འགུལ་བ་ཚོ་ལ་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད། ལས་འགུལ་སྤེལ་སྐབས་གསར་འགོད་པར་འབྲེལ་བ་བྱེད་མཁན་དང༌། ལས་འགུལ་བའི་རྒྱབ་ཏུ་ལྟ་མཁན་བཅས་མང་བོ་གོ་སྒྲིག་བྱས་འདུག་ལ། ཁ་ཐུག་ཏུ་གནས་ཚུལ་ཕྱི་ལ་གཏོང་མཁན་གྱི་མི་སྣ་ཡང་གོ་སྒྲིག་བྱས་ཡོད་འདུག ད་དུང་ཨོ་ལིམ་པིག་རྩེད་འགྲན་རིང་བོད་དོན་འདི་བཞིན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང༌། རྒྱ་ནག་གིས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཡོད་སྐོར་བརྗོད་བསྡད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་བྱ་ཆེད་ལས་འགུལ་སྤེལ་རྒྱུར་གོ་སྐབས་ཡག་ཤོས་ཤིག་མཐོང་གི་ཡོད།
རྒྱ་ནག་གིས་ང་ཚོའི་གློག་ཀླད་དྲ་རྒྱའི་ནང་ནད་འབུ་གཏོང་བ་དང༌། བཀག་འགོག་བྱས་ཏེ་ང་ཚོའི་འགུལ་སྐྱོད་ལ་གཏོར་སྐྱོན་གཏོང་བ་ཙམ་ལས། ལས་འགུལ་སྤེལ་མཁན་ཚོ་བཟུང་ནའང་དམིགས་བསལ་གྱིས་ཉེས་རྡུང་སོགས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། དེ་ནི་ང་ཚོའི་ཚོགས་མི་མང་ཆེ་བ་ཨ་རི་དང་ཁེ་ན་ཌའི་མི་སེར་ཡིན་པས་ཁོང་ཚོར་ཉེས་རྡུང་གཏོང་བ་ལྟ་བུ་བྱུང་ཚེ། ཁོང་ཚོའི་རྒྱབ་རྩར་སོ་སོའི་སྟོབས་ཆེན་རྒྱལ་ཁབ་ཚོ་ཡོད་ཡོད་པ་ལྟ་བུ་རེད། དཔེར་ན་ལོ་སྔོན་མར་བསྟན་རྡོར་དང་ཁོའི་རོགས་པ་དེ་ཚོས་ལས་འགུལ་སྤེལ་ཏེ་བཟུང་སྐབས་ཨ་རིའི་ཚོགས་པ་ཆེ་ཁག་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དོ་སྣང་ཤུགས་ཆེར་བྱས་ཡོད་པ་རེད། གང་ལྟར་ཨོ་ལིམ་པིག་རྩེད་འགྲན་མཇུག་མ་སྒྲིལ་བར་ང་ཚོས་མུ་མཐུད་མི་སྣ་གོ་སྒྲིག་གིས་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་དང༌། མཇུག་མཐར་ཁོང་གིས་བོད་རང་དབང་སློབ་ཕྲུག་ཚོགས་པ་ནི་ཨ་རིར་རྟེན་གཞི་བྱས་ཡོད་པ་དང༌། རྒྱལ་ཁབ་མི་འདྲ་བ་བརྒྱ་ལྷག་གིས་ཚོགས་མི་ཡོད་ཅིང༌། བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་མགོ་ཁྲིད་པའི་ཚོགས་པ་ཞིག་རེད་ལ། བོད་མི་ཚོས་ལས་འགུལ་སྤེལ། ཕྱི་རྒྱལ་གྱི་སློབ་ཕྲུག་དེ་ཚོ་རྒྱབ་སྐྱོར་བྱེད་དུ་ཡོང་གི་ཡོད་པ་མ་གཏོགས་ཕྱི་རྒྱལ་གྱི་མིས་བཙུགས་པའི་ཚོགས་པ་ཞིག་མ་རེད། བོད་མི་མང་བོ་ཞིག་གིས་འདི་ཤེས་ཀྱི་མི་འདུག་ཅེས་བརྗོད་བྱུང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply