ཀླད་པའི་ནང་ཐ་སྙད་ ༢༠༠༠ སྣོན་རོཌ། ད་དུང་ཡོད།

བོད་ཀྱི་ཆེས་མཐོའི་ཐ་སྙད་གསར་བཟོའི་ཚོགས་ཆུང་གིས་གཏན་འབེབས་ཟིན་པའི་ཐ་སྙད་གྲངས་ ༢༠༠༠ ལྷག་བརྒལ་བ་དང༌། ད་དུང་མི་རིང་བར་ཐེངས་གཉིས་པའི་ཐ་སྙད་གཏན་འབེབས་ཀྱི་ཕྱོགས་སུའང་ཤུགས་སྣོན་རྒྱག་བཞིན་ཡོད་ལ། མ་འོངས་པར་དབྱིན་རྒྱ་ཧིན་སྐད་མ་འདྲེས་པར་བོད་ཡིག་རང་སྟེང་ནས་ཐ་སྙད་གསར་བཟོ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཟེར། 

ཟླ་སྔོན་མའི་ཚེས་ ༢༩ ནས་ཟླ་འདིའི་ཚེས་ ༦ བར་བོད་ཀྱི་ཐ་སྙད་གསར་བཟོའི་ཆེས་མཐོའི་ཚོགས་ཆུང་དེ་བཞུགས་སྒར་དུ་འཛོམས་ནས་ཐ་སྙད་གསར་བ་ ༢༠༠༠ ལྷག་ཚད་ལྡན་གྱི་རྣམ་པར་བསྒྱུར་འདུག་ལ། འདིའི་ཐད་ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཨ་ཅརྱ་ཀརྨ་སྨོན་ལམ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༣ པ་ནས་མགོ་འཛུགས་ཀྱིས་ཚོགས་ཆུང་བཙུགས་པ་དང༌། མི་སྣ་ཆེད་འཛུགས་ཀྱིས་ཟབ་སྦྱོང་སྤྲད་པ། ཚིག་མཛོད་དང་གློག་ཀླད་སོགས་གང་དགོས་གོ་སྒྲིག་གིས་ད་བར་བསྡུ་སྒྲིག་དང༌། གསར་བཟོ་བྱས་པའི་བོད་ཀྱི་ཐ་སྙད་གསར་པ་ ༢༠༠༠ ལྷག་ཉེ་ཆར་ཆེས་མཐོའི་ཚོགས་ཆུང་གི་ཐེངས་དང་པོའི་ཚོགས་འདུའི་སྟེང་གཏན་འབེབས་ཟིན་ཏེ། ད་ལྟ་མཐའ་མའི་བཅོས་སྒྲིག་དང་ཞུ་དག་གཏོང་གིན་ཡོད་ལ་ཟླ་གཉིས་ཀྱི་ནང་ཚུན་དུ་དངོས་སུ་དཔར་སྐྲུན་བྱ་རྒྱུ་ཡིན། ཐེངས་འདིར་གཏན་འབེབས་བྱས་པའི་ཐ་སྙད་རྣམས། འཛིན་སྐྱོང་དང་འབྲེལ་བའི་ལས་རིགས་སྐོར་དང་རྫས་སྦྱོར་རིག་པ། སྨན་དང་རྩིས། དངོས་ཁམས་རིག་པ། རྩི་ཤིང་སྐོར་བཅས་སྡེ་ཚན་ལྔས་གྲུབ་ཡོད་པ་དང༌། འཛིན་སྐྱོང་དང་འབྲེལ་བའི་ཐ་སྙད་མང་བ་ཡོད་ཅིང༌། དེའི་ནང་རྩིས་དང་ཁྲིམས་ཀྱི་སྐོར་སོགས་འདུ་གི་རེད། ད་དུང་སྡེ་ཚན་གཞན་ཁག་ཅིག་ཀྱང་ཐེངས་གཉིས་པ་དང་གསུམ་པའི་ཐ་སྙད་གཏན་འབེབས་ནང་གཏན་འབེབས་ཡོང་གི་རེད་ཅེས་དང༌། ཡང་ཁོང་ལ་གཏན་འབེབས་ཟིན་པའི་ཐ་སྙད་རྣམས་ཇི་ལྟར་གཏན་འབེབས་གནང་མིན་སྐོར་དྲིས་པར་ཁོང་གིས། བོད་ཀྱི་ཐ་སྙད་མང་བོ་ཞིག་ཚིག་མཛོད་ནང་དུ་མེད་པར་གཞུང་ནང་དུ་འཐོར་བསྡད་པ་དེ་འདྲ་འདུག་སྟབས་གཞུང་ནང་གི་ཐ་སྙད་རྙིང་པ་རྣམས་ཕྱོགས་བསྡུ་དང༌། གཏན་ནས་མེད་པ་རྣམས་དབྱིན་ཡིག་དང་རྒྱ་ཡིག སྐད་རིགས་གཞན་པ་སོགས་དང་བསྡུར་ནས་དཔྱད་བསྡུར་དང་གསར་བཟོ་བྱས་ཡོད་ལ། རྫས་སྦྱོར་ནང་ཐ་སྙད་མང་བོ་ཞིག་དབྱིན་ཡིག་དང་རྒྱ་ཡིག་གི་མ་ཕྱི་དང་མཐུན་པར་རང་སོར་བཞག་ཡོད། ཡིན་ནའང༌། མ་འོངས་པར་བོད་ཀྱི་ཐ་སྙད་རྣམས་སྐད་རིགས་གཞན་ཞིག་དང་བསྡུར་ནས་བཟོ་མ་དགོས་པར་བོད་ཡིག་རང་སྟེང་ནས་གསར་དུ་བཟོ་ཐུབ་རྒྱུར་རེ་བ་ཆེན་པོ་བཅངས་ཡོད་ཅེས་གསུངས།

བོད་ཀྱི་ཐ་སྙད་གསར་བཟོའི་ལས་དོན་འདི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང༌། བོད་གཞུང་ཟློས་གར་ཚོགས་པ། རྣམ་རྒྱལ་གྲྭ་ཚང༌། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལྟ་བུའི་ཚོགས་སྡེ་ཁག་ཅིག་ཏུ་ལས་བགོས་བྱས་ཡོད་སྟབས། འདི་གའི་གསར་འགོད་པས་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་པ་རྒྱ་རིག་ཐར་དང་ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་གཉིས་སུ་བཅར་འདྲི་བྱས་པར། རྒྱ་རིག་ཐར་གྱིས། ཐ་སྙད་མང་བོ་ཞིག་དབྱིབས་དང་རྣམ་པ། ཁ་དོག་སྟེང་ནས་མིང་འདོགས་པ་དང༌། བྱེད་ནུས་ཀྱི་དབང་གིས་མིང་འདོགས་པ་ལྟ་བུ་འདུག ཐ་སྙད་ཁག་ཅིག་སྔོན་མ་སྲོལ་རྒྱུན་གྱི་བྱ་དངོས་ཤིག་དང་དེང་སྐབས་ཀྱི་བྱ་དངོས་གསར་བ་གཉིས་ཀྱི་མིང་འདྲ་མཚུངས་ཡིན་པ་དེ་འདྲ་འདུག དཔེར་ན་འགྲིམ་འགྲུལ་ཡོ་ཆས་ཤིག་ཡིན་ན་སྔོན་མ་རྟ་ལབ་ན་འགྲིག་གི་འདུག ཡིན་ནའང་དེང་སྐབས་ལྕགས་རྟ་དང་སྤག་སྤག་ལྟ་བུ་དར་ཡོང་དུས། ལྕགས་ཀྱིས་བཟོས་པའི་རྟ་རེད་ཅེས་ཁ་ཐུག་ཏུ་ལྕགས་རྟ་བཏགས་ཡོད་པ་དེ་འདྲ་ཡང་འདུག དེ་སྔོན་མའི་ཐ་སྙད་རྙིང་པ་དེའི་བྱེད་ནུས་དེའི་ནུས་པ་དེ་སྟོན་གྱིན་ཡོད་པ་རེད། གཅིག་ཤ་ཁྲག་གདུས་བཅས་ཀྱིས་གྲུབ་པའི་དབུགས་ཐོག་ཅིག་དང་གཞན་དེ་ལྷུ་ལག་སྡེབ་སྦྱོར་བྱས་པའི་འཕྲུལ་ཆས་ཤིག་ཡིན་ནའང་ཁོང་གཉིས་ཀྱི་བྱེད་ནུས་གཅིག་རེད། དེར་བརྟེན་ལྕགས་རྟ་ལྟ་བུ་དང་འཕྲུལ་ལྟ་བུའི་མིང་འདོགས་ཀྱིན་ཡོད་པ་རེད། དེང་སྐབས་སྒོ་ཟམ་ལྟ་བུ་ཡིན་ན། རེ་ཟུང་གིས་ནག་པང་ཟེར་གྱིན་འདུག ཁ་ཤས་ཀྱིས་ཤེས་བྱའི་གནས་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པའི་ན་སྒོ། ཟམ་བྲིས་ཀྱི་བྱེད་ནུས་དང་ལྡན་པའི་ན་སྒོ་ཟམ་ཞེས་འགྲེལ་རྒྱག་གི་འདུག ནག་པང་ལྟ་བུ་ཡིན་ན་རྒྱ་སྐད་ཀྱི་ཧེ་པན་ཞེས་པ་དེ་ཐད་བསྒྱུར་བྱས་པ་རེད། ཧེ་ཞེས་པ་ནག་དང༌། པན་ཞེས་པ་པང་ངམ་པང་ལེབ་ཀྱི་དོན་ལྟར་བསྒྱུར་བ་རེད། དེ་བོད་སྐད་ནང་བསྒྱུར་ཡོད་ནའང༌། བོད་ཀྱི་བརྡ་སྤྲོད་པའི་སྟེང་ནས་བཤད་ན་དེ་ལ་གཏོར་རླགས་ཤིག་ཐེབས་མེད་ནའང་ཕན་འབྲས་གང་ཡང་ཐོན་མེད། བོད་ཀྱི་བརྡ་སྤྲོད་དང་སྐད་ཆ་བཤད་སྟངས་ལྟ་བུའི་ནང་དུ་སྤྲིན་དཀར་བོ་ལྟ་བུར་སྤྲིན་དཀར་དང༌། རྡོ་དཀར་བོར་རྡོ་དཀར། ཞེས་ཁ་ཏོག་སྟེང་བཤད་ཀྱིན་ཡོད་ཚེ་ཁྱད་གཞི་ཁྱད་ཆོས་དབྱེ་བ་བཀར་ནས་འགྲོ་གི་འདུག དེ་མིན་དཀར་སྤྲིན། དཀར་རྡོ། ནག་རྡོ། ནག་རྟ། དཀར་རྟ། ལྟ་བུ་མི་ཟེར་བར་ཅ་དངོས་དེ་སྔུན་ལ་བཤད། དེ་རྗེས་ཁ་ཏོག་སྟོན་གི་རེད། དེར་བརྟེན་པང་ནག་ལྟ་བུ་ཡིན་ན་བོད་ཀྱི་བརྡ་སྤྲོད་ནང་དུ་མཐུན་གྱི་འདུག་མོད་དེ་ལྟ་བུ་བརྗོད་བདེ་བོ་མ་རེད། ཅེས་དང་བོད་ཀྱི་ཐ་སྙད་གསར་བཟོ་བྱེད་སྐབས་གཟབ་དགོས་ས་ནི་གསར་དུ་དར་དང་དར་བཞིན་པའི་ཅ་དངོས་ཡོད་ཚད་སྒྲ་བསྒྱུར་མི་བྱེད་པར་བོད་སྐད་རང་གི་ཐོག་ནས་མིང་འདོགས་ཐུབ་དགོས་ཀྱིན་འདུག སྒྲ་བསྒྱུར་མང་བོ་བྱས་ན་ནམ་ཞིག་ང་ཚོའི་སྐད་ཡིག་འདི་སྐད་ཡིག་གཞན་ཞིག་ནས་ཟུར་ཆགས་པའི་སྐད་ཡིག་ཅིག་ཆགས་ཉེན་འདུག་ཅེས་བརྗོད་བྱུང་ལ། རྡོ་རྗེ་དབང་ཕྱུག་གིས། བོད་ཀྱི་ཐ་སྙད་གསར་བ་གཏན་འབེབས་སྐབས་མིང་ཚིག་འགའ་རེ་དཔེར་ན། ཝ་ར་ཎ་སི་ལྟ་བུ་ཡིན་ན་ཡུལ་ཝ་ར་ཎ་སི་དང༌། མེ་ཏོག་རིགས་ཤིག་མེ་ཏོག་གན་དང་འདི་ཞེས་ཕན་ཚུན་འཁྲུག་ཉེན་ཡོད་པའི་མིང་ཚིག་ཅིག་ཡིན་ན་ངེས་པར་དུ་ཡུལ་དང་མེ་ཏོག་ལྟ་བུ་མགོར་རྒྱག་དགོས་ཀྱིན་འདུག འདི་ནི་སྔོན་མའི་བསྒྱུར་སྟངས་ཤིག་རེད་ལ། བསྒྱུར་སྟངས་འདི་རང་སོར་བཞག་ནས་དེ་རིང་ཁ་སང་སྐད་ཡིག་གཞན་པའི་ནང་ཡོད་པའི་ཐ་སྙད་གསར་བ་དེ་ཚོ་བོད་ཡིག་ཏུ་བསྒྱུར་ཏེ་གཏན་ལ་འབབ་དགོས་དུས། སྐད་ཡིག་གང་འདྲ་ཞིག་གི་ནང་ཡོད་ནའང་ང་ཚོ་ལ་དགོས་པའི་ཐ་སྙད་ཅིག་ཡིན་ན། དེ་མ་ཁོངས་ཤིག་ནས་ཚུར་འཐེན་གི་རེད། མ་ཁོངས་དེའི་ཚིག་མཛོད་ནང་འགྲེལ་བཤད་ཀྱང་བོད་ཡིག་ཏུ་བསྒྱུར་རྗེས། འགྲེལ་བཤད་དེའི་ནང་ནས་ང་ཚོའི་བོད་ཡིག་ནང་ཐ་སྙད་འདི་འདྲ་ཞིག་འདུག་གམ་མི་འདུག ཐ་སྙད་དེ་དང་འབྲེལ་བ་ཡོད་པའི་ཐ་སྙད་གང་དག་འདུག དེས་བོད་ཡིག་ནང་ཏག་ཏག་བསྟན་དོན་སྟོན་ཐུབ་ཀྱི་ཡོད་མེད་བརྟག དེས་སྟོན་ཐུབ་ཀྱི་མི་འདུག་ན་ཚུར་བསྒྱུར་ཚར་བའི་མ་ཁོངས་དེ་ནས་ཐུང་ངུར་བཏང་སྟེ། དེའི་ནང་ནས་ཐ་སྙད་བཟོ་རྒྱུ་དེ་རེད། ཐ་སྙད་གཏན་འབེབས་ཟེར་དུས་དངོས་གནས་བྱས་ན་འགྲེལ་བཤད་དགོས་ཀྱི་ཡོད་པ་མ་རེད། ཐ་སྙད་ག་རེ་གཏན་འཁེལ་ནའང་དེ་ལ་ངེས་ཚིག་ཡོད་དགོས་པ་རེད། ངེས་ཚིག་ཡོད་པའི་འགྲེལ་བཤད་ཅིག་རྒྱག་མ་ཐུབ་ན་དེ་ལ་གོ་དོན་སྤྲོད་དགོས་པ་རེད། ཐ་སྙད་འདིས་གོ་དོན་འདི་སྟོན་གི་རེད། སྐབས་སྐབས་འདི་ལ་འཇུག་གི་རེད་ལྟ་བུ་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་དང༌། ཁོང་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལྟ་བུ་ཡིན་ན་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ལས་རིག་གཞུང་ཉམས་ཞིབ་ཀྱི་ལས་ཀ་བྱེད་མཁན་མིན་སྟབས། བོད་ཀྱི་ཐ་སྙད་གསར་བཟོའི་ལས་དོན་འདི་བོད་ཀྱི་རིག་གཞུང་ཉམས་ཞིབ་ཆེད་ལས་ཁང་ཞིག་གིས་འགན་འཁྱེར་ཚེ་བཟང་བ་ཡོང་གི་རེད་ཅེས་བསམ་ཚུལ་ཐུང་ངུ་ཞིག་ཀྱང་མཇུག་ཏུ་བསྣན་སོང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “ཀླད་པའི་ནང་ཐ་སྙད་ ༢༠༠༠ སྣོན་རོཌ། ད་དུང་ཡོད།

  1. ཤེས་རིག་དྲུང་ཆེ་ནི་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཡིན་ལ། གོང་གི་ཁྱེད་ཅག་གིས་བཅར་འདྲི་བྱེད་ཡུལ་ནི་ཤེས་རིག་ལས་ཁུངས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་རྩོམ་སྒྲིག་ཚན་པ་དང་ཐ་སྙད་གཏན་འབེབས་ལས་དོན་གྱི་འགན་གཅིག་ལྕོགས་བཞེས་བཞིན་པའི་ཤེས་རིག་ཟུང་དྲུང་ཨཙརྱ་ཀརྨ་སྨོན་ལམ་ལགས་རེད་འདུག་པས་ནོར་བ་རེད།