ལྕཌ་ལམ་དྲུག་འཐེན་འཆར།

རྒྱ་ནག་གིས་བོད་ཁུལ་དུ་སླར་ཡང་ལྕགས་ལམ་གསར་བ་ ༦ བཟོ་བསྐྲུན་བྱེད་འཆར་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཡིན་པར་བཤད་ཀྱང༌། རྒྱལ་སྤྱིའི་དཔྱད་བརྗོད་པ་ཚོས་ལྕགས་ལམ་གྱིས་བོད་ཀྱི་རིག་གཞུང་ལ་གཏོར་སྐྱོན་ཐེབས་རྒྱུའི་ངོས་འཛིན་བྱས་ཡོད།
 
 ལྕགས་ལམ་བཟོ་བསྐྲུན་ཚོགས་ཆུང་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལམ་ཀ་གཉིས་རྒྱལ་ས་ལྷ་ས་ནས་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་དང་ཉིང་ཁྲི་ལ་འཐེན་རྒྱུ་ཡིན་པ་དང༌། ལམ་ཁ་གསུམ་ནི་གོར་མོ་ནས་ཏུན་ཧོང་དང་སི་ཁྲོན། ཞིན་ཅང་བཅས་ལ་འཐེན་རྒྱུ་ཡིན་འདུག ལྕགས་ལམ་མཐའ་མ་དེ་ནི་ཟི་ལིང་ནས་ཀན་སུའུ་ལ་འཐེན་རྒྱུ་ཡིན་འདུག ལྕགས་ལམ་འདི་དག་སྤྱི་ལོ་ ༢༠༢༠ བར་ལེགས་འགྲུབ་བྱུང་རྒྱུའི་འཆར་གཞི་ཡོད་པ་དང༌། ལམ་ཁ་འདི་དག་བརྒྱུད་ནས་བོད་ཡུལ་འདི་རྒྱ་ནག་གི་རིག་གཞུང་དང་དཔལ་འབྱོར་ལ་བར་ཐག་ཉེ་རུ་གཏོང་འཆར་ཡོད་འདུག

སྤྱི་ལོ་ ༢༠༠༦ ལོ་ནས་རྒྱ་ནག་གིས་དངུལ་ཕོན་ཆེན་བཏང་ནས། འཛམ་གླིང་གི་ཆེས་མཐོ་བའི་ལྕགས་ལམ་ཐོག་མ་དེ་པེ་ཅིན་ནས་ལྷ་སའི་བར་དུ་སྒོ་ཕྱེ་བ་དང༌། ལྕགས་ལམ་ལ་བསྟེན་ནས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་ཀ་འཕར་བ་དང༌། ཧན་མི་རིགས་གང་མང་ཅིག་ལྕགས་ལམ་བརྒྱུད་གནས་སྤོར་བྱེད་མགོ་ཡང་བརྩམས་འདུག

ལྕགས་ལམ་བཟོ་བསྐྲུན་པས་གསལ་བཤད་བྱས་པ་ལྟར་ན། ལོ་འདི་གཉིས་ཀྱི་ནང་དུ་ལྕགས་ལམ་རྒྱུད་ནས་མི་འབོར་ས་ཡ་ ༥ དང་ཚེག་ ༥༦ སྐྱེལ་འདྲེན་བྱས་ཡོད་པ་དང༌། ས་གནས་གོང་ཚད་ཀྱི་དངུལ་ཟོག་ས་ཡ་ ༤ དང་ཚེག་ ༠༥ འབོར་འདྲེན་བྱས་ཡོད་འདུག ཕྱི་རྒྱལ་གྱི་ལས་འགུལ་བ་ཚོས་བཤད་ན་རྒྱ་ནག་གིས་བོད་དུ་ལྕགས་ལམ་བཟོ་བསྐྲུན་བྱས་པ་འདི་ཡིས། རང་བྱུང་གི་ཁོར་ཡུག་དང་གཏེར་ཁ་ལ་གནོད་སྐྱོན་ཐེབས་རྒྱུ་བཤད་མ་དགོས་ལ།  དེ་ལས་ཀྱང་བོད་མི་རིགས་ཀྱི་སྲོལ་རྒྱུན་འཚོ་བ་དང་ཆོས་ལུགས་ཀྱི་རིག་གནས་ལ་འཇིགས་ཉེན་ཁྱེར་ཡོང་རྒྱུ་རེད་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply