བོད་རང་དབང༌གི་གློག་ཡིག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་འགས་སླར་ཡང་པེ་ཅིན་ནས་བོད་དོན་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཁོང་ཚོ་སྔ་གཞུག་ཏུ་འཛིན་བཟུང་བྱས་འདུག

ཚེས་ ༡༩ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༡ དང་སྐར་མ་ ༤༨ ཐོག་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས། གློག་འོད་ཀྱིས་བཟོ་འགོད་བྱས་པའི་བོད་རང་དབང་ཞེས་དབྱིན་ཡིག་དང༌། རྒྱ་ཡིག་གི་ལམ་ནས་ཡོད་པའི་འཕྲེད་དར་ཞིག་པེ་ཅིན་ཨོ་ལིམ་པིག་སྤྱི་གླིང་དུ་སྐར་ཆ་ ༢༠ ཙམ་ལ་འཕྱར་ཡོད་པ་དང༌། སྐར་ཆ་ ༢༠ རྗེས་ལ་ཁོང་ཚོ་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཏེ། ད་ལྟའི་བར་གནས་ཚུལ་ཅི་བྱུང་ཤེས་རྟོགས་ཐུབ་མེད།  ཉིན་དེའི་སྔ་དྲོ་ཨ་རིའི་རི་མོ་བ་དང༌། འདྲ་རིས་ཞིབ་འཇུག་པ་གྲགས་ཅན་སྐུ་ཞབས་ཇེམ་སི་པོ་ཌར་ལེ་ཡིས། གློག་འོད་ཀྱིས་བཟོ་འདོ་བྱས་པའི་བོད་རང་དབང་གི་འཕྲེད་དར་ཞིག  པེ་ཅིན་གྱི་ཁང་བརྩེགས་ཁ་ཤས་ཀྱི་ངོས་སུ་འཕྱར་གྲབས་བྱས་ཡོད་ཀྱང་སྟབས་མ་ལེགས་པར་བཟུང་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་ཚོགས་མི་བསྟན་འཛིན་རྡོ་རྗེ་ཡིས། རྒྱ་ནག་གིས་བོད་དུ་ཧམ་སྤྱོད་བྱེད་བཞིན་པའི་གནས་ཚུལ་འདི། ཨོ་ལིམ་པིག་རྩེད་འགྲན་སྐབས་འཛམ་གླིང་མི་དམངས་ཀྱི་དོ་སྣང་དུ་མི་སླེབས་པའི་ཐབས་བྱས་ཡོད་ཀྱང༌། བོད་མི་ཚོའི་མངོན་འདོད་དང༌། རེ་བའི་འབོད་སྒྲ་དེ་བོད་དོན་རྒྱབ་སྐྱོར་བ་ཚོས་པེ་ཅིན་དུ་བསྐྱལ་ཡོད། རྒྱ་ནག་གི་མགོ་ཁྲིད་ཚོས་བོད་དོན་ནི་གཡོལ་ཐུབ་པ་ཞིག་མིན་པ་ཤེས་དགོས་ལ། དྲག་གནོན་འོག་ནས་འཛམ་གླིང་མི་དམངས་ཀྱིས་མཐོང་མི་ཐུབ་པ་ཞིག་མིན་པ་ཡང་ཧ་གོ་དགོས་པ་གསར་ལམ་ཁག་ཏུ་བརྗོད་འདུག

འཛིན་བཟུང་བྱས་པའི་ལས་འགུལ་བ་དེ་དག་ནི་ཨ་རི་བ་རྐྱང་རེད་ལ། རང་ལོ་ ༣༣ ཡིན་པའི་ཨའེ་མའེ་ཇོ་ཟོན་དང༌། ལོ་ ༣༡ ཡིན་པའི་ལི་ཛ་ཟི་མེཐི།   ལོ་ ༢༤ ཡིན་པའི་སམ་ཁའོ་བྷེན། རང་ལོ་ ༢༦ ཡིན་པའི་ཡའ་ཁོབ་བྷི་ལོའུ་མན་ཧཕེལ་ཌི། རང་ལོ་ ༢༡ ཡིན་པའི་ལའོ་རན་ཝ་ལིས་བཅས་ཡིན།

ཨོ་ལིམ་པིག་རྩེད་འཆར་ཡོད་པའི་ཉིན་ཤས་སྔོན་ནས། རྒྱལ་སྤྱིའི་བོད་རང་དབང་སློབ་ཕྲུག་ཚོགས་པས་པེ་ཅིན་ཨོ་ལིམ་པིག་རྩེད་རའི་བྱེའུ་ཚང་གི་འཁྲིས་སུ་བོད་ཀྱི་རྒྱལ་དར་འཕྱར་བ་དང༌། བོད་རང་དབང་གི་འཕྲེད་དར་ cctv སྤྱི་ཁྱབ་ཁང་གི་ཕྱི་ལོགས་སུ་འཕྱར་བ་སོགས་བོད་དོན་རྒྱབ་སྐྱོར་བ་མང་པོས་པེ་ཅིན་ནས་ལས་འགུལ་གང་མང་སྤེལ་ཡོད།

བསྐྱར་བཅོས།: ༢༠༠༨/༠༨/༢༠

Leave a Reply