བསོད་ནམས་དབྱངས་ཅན།

 

༼མི་སྣ་ངོ་སྤྲོད། མདའ་རྩལ་བ། བསོད་ནམས་དབྱངས་ཅན།༽

པེ་ཅིན་དུ་ཨོ་ལིམ་པིག་རྩེད་འགྲན་ཚུགས་སྐབས་འཛམ་གླིང་གི་མི་གྲངས་དུང་ཕྱུར་ ༤ ལྷག་གིས་བརྙན་འཕྲིན་ནང་ནས་ལྟད་མོར་ལྟ་གི་ཡོད་ལ། འདི་དག་གི་ཁྲོད་ཀྱི་གཅིག་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་འདབས་སུ་བཞུགས་པའི་བསོད་ནམས་དབྱངས་ཅན་ལགས་ཡིན་ངེས་ཤིང་། ཁོང་མོ་ནི་བཙན་བྱོལ་བོད་མིའི་ཁྲོད་རྒྱལ་སྤྱིའི་རྩེད་འགྲན་ནང་གསེར་དང་དངུལ་གྱི་རྟགས་མ་བླངས་མཁན་གྱི་མདའ་རྩལ་བ་དེ་ཡིན།

དེ་ལྟར་ཡང་། བསོད་ནམས་དབྱངས་ཅན་ལགས་ནི་རྒྱལ་སྤྱིའི་མདའ་རྩལ་བ་ཞིག་ནས་དགེ་རྒན་ཞིག་ཏུ་གྱུར་ཡོད་ལ། གཟའ་ཉི་མའི་ཞོགས་པར་ང་དགེ་རྒན་བསོད་ནམས་དབྱངས་ཅན་ལགས་ཀྱི་ཤག་ཏུ་ཕྱིན་སྐབས། ཁོང་གིས་བརྙན་འཕྲིན་ནང་དུ་ཨོ་ལིམ་པིག་རྩེད་འགྲན་ལ་བལྟས་འདུག་ལ། ༼རྩེད་འགྲན་འདིར་རྟགས་པར་ལྟ་གིན་ཡོད་ལ། ལྷག་པར་དུ་མདའ་རྩལ་འགྲན་བསྡུར་ལ་ལྟ་གིན་ཡོད་༽ཟེར། ཁོང་དེང་སྐབས་སུ་ཇ་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཡིན།

ཨོ་ལིམ་པིག་འཚོགས་སྐབས་འདིར་རྒྱལ་ཁབ་ཚང་མར་ལུས་རྩལ་འགྲན་སྡུར་གྱི་དབྱིངས་ཞུགས་ཤིང་ངར་ལངས་ཡོད་ལ། མདའ་རྩལ་བ་བསོད་ནམས་དབྱངས་ཅན་ལགས་ཀྱང་གཅིག་མཚུངས་རེད། ཁོང་གིས། ༼ང་ཚོར་ཡང་རང་བཙན་མེད་པ་མ་གཏོགས་ལུས་རྩལ་ནང་ཞུགས་པ་ཡིན་ན་ཁོང་ཚོ་མཉམ་དུ་འགྲན་མི་ཐུབ་པ་ཡོད་པ་མ་རེད་༽ཟེར། བསོད་ནམས་དབྱངས་ཅན་ལ་མཚོན་ན་འཛམ་གླིང་གི་ཕུལ་བྱུང་མདའ་རྩལ་དང་རྒྱལ་ཡོངས་དང་རྒྱལ་སྤྱི་རིམ་པའི་འགྲན་སྡུར་ཁྲོད་ཞུགས་མྱོང་སྟབས། འདི་ལྟའི་ཡིད་ཆེས་དང་གདེང་ཚོད་ཅིག་ཡོད་པ་ནི་སྨྲོས་ཅི་དགོས། འོན་ཀྱང་། བོད་མི་ཚོར་དེང་སྐབས་འདི་ལྟའི་སྐལ་བ་བཟང་བོ་ཞིག་ཤར་མེད་པ་རེད།

བསོད་ནམས་དབྱངས་ཅན་ལགས་ནི་ལ་དྭགས་ལྕགས་ལམ་གསར་གྱི་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། ཆུང་དུས་ནས་ལ་དྭགས་བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་གནང་ཡོད་པ་དང་། ༡༩༨༨ ལོ་ནས་ཐེངས་དང་པོར་ལ་དྭགས་ཁུལ་ནས་བོད་པའི་སློབ་ཕྲུག་བཅུ་གྲངས་ཤིག་མངའ་སྡེ་དང་དབུས་གཞུང་གི་རྐང་རྒྱུག་འགྲན་སྡུར་ཁྲོད་ཞུགས་པའི་ཁོངས་སུ་ཞུགས་པ་དང་། ལོ་གཉིས་ཀྱི་རྗེས་ནས་མདའ་རྩལ་འགྲན་སྡུར་ཁྲོད་ཞུགས་སྐབས་ཨང་གྲངས་ཚད་མཐོ་བོ་བླངས་པར་བརྟེན། ཆེད་ལས་མདའ་རྩལ་གྱི་ཐོག་སྦྱོང་བརྡར་དང་བཅས་རྒྱལ་ཡོངས་དང་རྒྱལ་སྤྱི་རིམ་པའི་འགྲན་སྡུར་ཁྲོད་ཞུགས་མགོ་བརྩམས་ཤིང་། སྔ་ཕྱི་པེ་ཅིན་དུའང་ཐེངས་གཉིས་ལ་འགྲོ་མྱོང་ཡོད་པ་རེད།

བསོད་ནམས་དབྱངས་ཅན་ལགས་ནི་བཙན་བྱོལ་བོད་མིའི་ཁྲོད་ནས་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱི་རིམ་པའི་མདའ་རྩལ་འགྲན་སྡུར་ནང་ཐེངས་མང་ཞུགས་མྱོང་མཁན་དེ་ཡིན་པ་དང་། ཁོང་མོ་ཐོག་མར་ ༡༩༨༨ ལོར་ཀ་ལི་ཀ་ཏར་འཚོགས་པའི་ཨེ་ཤ་ཡའི་ཕོར་བ་ཐེངས་ ༥ པའི་སྟེང་ཞུགས་ཡོད་པ་དང་། ༡༩༩༠ ལོར་ལྡི་ལིར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཕོར་བ། ༡༩༩༠ ལོར་པེ་ཅིན་ནས་འཚོགས་པའི་རྒྱལ་སྤྱིའི་ཕོར་པ། ༡༩༩༠ ལོར་པོ་ལན་ཌིར་འཚོགས་པའི་འཛམ་གླིང་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ཁྲོད་ཞུགས། ༡༩༩༠ ལོར་ཀ་ལི་ཀ་ཏར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མདའ་རྩལ་ཕོར་བ་འགྲན་སྡུར་ཁྲོད་ཞུགས། ༡༩༩༡ ལོར་པེ་ཅིན་དུ་རྒྱལ་སྤྱིའི་མདའ་རྩལ་འདུ་འཛོམས་ནང་ཞུགས། ༡༩༩༣ ལོར་ཀ་ལི་ཀ་ཏར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མདའ་རྩལ་ཕོར་བའི་རྩེད་འགྲན་ནང་ཞུགས། ༡༩༩༣ ལོར་ཊར་ཀི་ལ་འཛོམས་པའི་འཛམ་གླིང་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ཐེངས་ ༣༧ པའི་སྟེང་ཞུགས། ༡༩༩༤ ལོར་པུ་ནེར་འཚོགས་པའི་རྒྱལ་ཡོངས་མདའ་རྩལ་འགྲན་སྡུར་ནང་ཞུགས། ༡༩༩༤ ལོར་ཧར་ཡ་ནའི་གྷུར་གྷོན་དུ་འཚོགས་པའི་རྒྱལ་ཡོངས་མཐོ་རིམ་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ནང་ཞུགས་ཡོད་པ་རེད། བསོད་ནམས་དབྱངས་ཅན་ལགས་ཀྱིས་འགྲན་སྡུར་འདི་དག་གི་སྐབས་སུ་གསེར་གྱི་རྟགས་མ་ ༡༠ ལྷག་བླངས་ཡོད་པ་དང་། དེ་བཞིན་དངུལ་དང་ལི་མའི་རྟགས་མའང་ཐེངས་མང་བླངས་མྱོང་ཡོད་འདུག ཁོང་རྩེད་འགྲན་འདི་དག་གི་སྟེང་ཞུགས་སྐབས། ལ་དྭགས་ཡུལ་མིའི་མིང་ཐོག་ནས་ཞུགས་པ་ཡིན་ཟེར།

ཁོང་མོ་མཐའ་མ་དེར་ ༡༩༩༤ ལོར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཡུལ་སྦྱོང་ནང་ཡིག་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་བྱས་ཤིང་། སློབ་མཐར་ཕྱིན་རྗེས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དགེ་རྒན་གནང་ཡོད་པ་དང་། ༢༠༠༦ གི་ལོ་ནས་བཟུང་སུ་ཇ་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ་ཨང་རྩིས་དགེ་རྒན་གྱི་ལས་འགན་འཁྱེར་བཞིན་ཡོད་པ་རེད། ཁོང་ལ་མཐའ་མཇུག་མདའ་རྩལ་གྱི་ཆེད་ལས་ནས་དགེ་རྒན་གྱི་ཕྱག་ལས་འདེམ་དོན་ཅི་ཡིན་དྲིས་སྐབས། གཙོ་བོ་ནི་རང་བཙན་མེད་པའི་ཁར་རྩེད་འགྲན་པ་གཞན་པ་བཞིན་མངའ་སྡེ་ཁག་སོ་སོའི་གཟིགས་སྐྱོང་མེད་པར་བརྟེན། མཐའ་མར་དགེ་རྒན་གྱི་ལས་འགན་འདི་བདམས་པ་ཡིན་ཟེར།

 

ལུང་རིགས་རྒྱལ་གྱིས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply