རྒྱ་ནག་གི་རྩ་ཁྲིམས་ནང་གང་ཡོད་པ་དེ་རྩོད་གི་ཡོད།

གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་གྱི་གྲོས་མོལ་དེ་གང་དུ་འང་སླེབས་གི་མ་རེད། རེ་བ་ཉག་གཅིག་ཡོད་པ་ནི་པེ་ཅིན་གྱིས་བོད་དོན་འདི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ཚོའི་ལག་ནས་བླངས་ཏེ། ཏཱའ་ལའི་བླ་མ་མཉམ་དུ་སྲིད་འཛིན་ཧུའུ་ཅིན་ཐའོ་དང༌། ཡང་ན། སྲིད་བློན་ཝོན་ཅ་པའོ་ཡི་བར་ཐད་ཀའི་བཀའ་མོལ་གནང་རྒྱུ་དེ་རེད་ཟེར།

ཉེ་ཆར་ཨ་རིའི་ནེའུ་ཡོག་དུས་བབ་གསར་ཤོག་སྟེང༌། གསར་འགོད་པ་དང་ཆེད་བརྗོད་པ་ནེ་ཁུ་ལ་སི་ཁི་སེ་ཁྲོ་ཕུ་ཡིས་བོད་དོན་སྐོར་གྱི་ཆེད་བརྗོད་སྔ་གཞུག་ཐེངས་གཉིས་སྤེལ་ཡོད་པ་དང༌། རྩོམ་ཡིག་དེའི་ནང་རྩོམ་པ་པོ་ནེ་ཁོལ་གྱིས། ད་ལོའི་སྤྱི་ཟླ་དྲུག་པའི་ནང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན། སྐབས་དེར་ཏཱ་ལའི་བླ་མ་མཆོག་གིས་ཐེངས་དང་པོར། ཁོང་གིས་གུང་ཁྲན་ཏང་གི་འོག་ཏུ་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་བྱེད་ཐུབ་པའི་གསལ་བསྒྲགས་སྤེལ་འདོད་ཡོད། ཅེས་གསུང་གིན་འདུག འདི་ནི་པེ་ཅིན་གྱིས་དུས་རྒྱུན་དུ་འདོན་གྱིན་པའི་དགོས་འདུན་གཅིག་རེད། གོ་བསྡུར་རིང་པོ་ཞིག་གི་རྗེས་ལ། ཏཱ་ལའི་བླ་མས་འདི་ལྟར་གནང་རྒྱུའི་ཞལ་བཞེས་གནང་བྱུང༌། ཞེས་༧གོང་ས་མཆོག་ལ་གུང་ཁྲན་ཏང་གི་འོག་ཏུ། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་གྱི་གསལ་བསྒྲགས་སྤེལ་འདོད་ཡོད་ཚུལ་བརྗོད་ཡོད་སྟབས། ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པས་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་སུ། གོང་གི་གནད་དོན་དེ་དག་མཁྱེན་རྟོགས་དང་དགོངས་འཆར་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། ནེ་ཁོལ་གྱིས་རྒྱ་སྐད་མཁྱེན་གི་ཡོད་པ་རེད་ལ། བོད་ནང་གི་དོན་རྐྱེན་སྐབས་ཁོ་རང་ཁམས་དང་ཨ་མདོའི་ས་ཁུལ་མང་པོར་སྐྱོད་ཐུབ་པ་བྱུང་ཡོད། ཁོས་ཉེ་ཆར་བསྟུད་མུར་ཐེངས་གཉིས་ལ་བོད་དོན་སྐོར་གྱི་རྩོམ་ཡིག་ནེའུ་ཡོག་གསར་ཤོག་སྟེང་བཀོད་འདུག དེའི་ནང་སྤྱི་ཟླ་དྲུག་པའི་ནང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཞིང༌། སྐབས་དེར་༧གོང་ས་མཆོག་གིས་སྤྱི་ཚོགས་རིང་ལུགས་གུང་ཁྲན་ཏང་གི་སྲིད་ཇུས་ཞལ་བཞེས་གནང་འདོད་ཡོད་གསུང་གིན་འདུག ཅེས་བྲིས་ཡོད་པ་དེ་ཚོ་སྤྱིར་བཏང་གི་དགོངས་པ་བཞེས་ཕྱོགས་ཙམ་རེད་བསམ་གྱིན་འདུག ༧རྒྱལ་བ་རིན་པ་ཆེ་ཡིས་དུས་རྟག་ཏུ། རྒྱལ་ཁབ་དང་མི་རིགས་གཞན་ལ་མེད་པའི་ང་ཚོའི་བོད་པའི་ཆོས་དང་རིག་གཞུང་འདི་ནི། བོད་པ་ཙམ་དུ་མ་ཟད། རྒྱ་མི་རིགས་གཙོས་པའི་འཛམ་གླིང་མི་དམངས་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་དེ་གཅེས་ཉར་བྱེད་པར་ང་ཚོར་རང་དབང་དགོས་པ་རེད། ཅེས་གསུང་གིན་ཡོད། ང་རང་གི་བསམ་ཚུལ་ལ་ཁོང་གཉིས་མཇལ་འཕྲད་སྐབས་ཀྱི་དགོངས་གཞི་དེ་ཚོ་ཡང་གོང་གི་དེ་དང་འདྲ་བོ་རེད་ཟེར།

ཡང་ཁོང་ལ། ནེ་ཁོལ་གྱི་རྩོམ་ཡིག་དེའི་ནང་མུ་མཐུད། ཏཱ་ལའི་བླ་མ་མཆོག་གིས་ང་ལ་འདི་ལྟར་གསུངས་བྱུང༌། དོན་དག་གཙོ་བོ་ནི། ང་ཚོའི་རིག་གཞུང་གཅེས་ཉར་དང༌། བོད་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱ་རྒྱུ་དེ་རེད། གལ་ཆེ་ཤོས་འདི་དག་རེད། ཆབ་སྲིད་མ་རེད། ཞེས་༧གོང་ས་མཆོག་ལ་མཐར་གཏུགས་ན་བོད་ཀྱི་ཆབ་སྲིད་ས་ཁོངས་གཅིག་གྱུར་མ་བྱུང་ཡང༌། ཆོས་དང་རིག་གཞུང་གཅིག་པུ་གཅིག་གྱུར་འོག་འཛིན་སྐྱོང་བྱུང་ན་འགྲིག་པའི་དགོངས་ཚུལ་ཡོད་ཚུལ་བྲིས་འདུག དེའི་ཐད་དགོངས་འཆར་ཅི་ཡོད་དྲིས་པར་ཁོང་གིས། ཁོས་རྩོམ་ཡིག་ཁག་གཉིས་བྲིས་ཡོད་པ་ལས་དང་པོ་དེའི་ནང༌། བོད་དུ་རང་སྐྱོང་ལག་བསྟར་བྱེད་པའི་ཐོག་ལ།  བོད་ཆོལ་ཁ་གསུམ་འཛིན་སྐྱོང་གཅིག་མིན་ཡང༌། མི་རིགས་ཀྱི་སྲིད་བྱུས་འཆམ་མཐུན་བཟོ་རྒྱུ་དང༌། རིག་གཞུང་གི་སྲིད་བྱུས་འཆམ་མཐུན་བཟོ་རྒྱུ་བཅས་ལ། ཁམས་དང་ཨ་མདོ། བོད་རང་སྐྱོང་ལྗོངས་བཅས་ལ་སྤྱིའི་འཛིན་སྐྱོང་ཞིག་དགོས་པ་རེད། ཅེས་བྲིས་འདུག སྤྱིའི་འཛིན་སྐྱོང་གི་འགན་གཙོ་བོ་དེ་བོད་རིགས་ཚང་མས་ཤེས་རིག་གི་སྲིད་ཇུས་བརྟན་པོ་བཟོ་རྒྱུ་དེ་ཁོ་རང་གི་བསམ་ཚུལ་ཙམ་རེད། ནེ་ཁོལ་གྱི་རྩོམ་ཡིག་དེའི་ཐད། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་ཡི་གེ་ཞིག་བཏང་འདུག་ལ། ཡི་གེ་དེ་ཡང་ཚགས་པར་དེ་རང་ལ་བཀོད་འདུག རྒྱ་རི་རིན་པོ་ཆེའི་ཡི་གེ་དེའི་ནང༌། ང་ཚོས་ད་བར་རྒྱ་ནག་ལ་རྩོད་པ་རྒྱག་རྒྱུ་དེ་ཤེས་རིག་གཅིག་པུའི་ཐོབ་ཐང་སྐོར་མིན། ཆོས་དང་རིག་གཞུང་ཆབ་སྲིད་ཚང་མའི་ཐོབ་ཐང་ཡིན། དེ་དག་གི་ཆེད་དུ་རྒྱ་ནག་ལ་རྩོད་པ་རྒྱག་གིན་ཡོད་པ་རེད། སྤྱི་ལོ་ ༢༠༠༤ ལོར་རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད། རིག་གཞུང་གཅིག་པུའི་ཐོབ་ཐང་དེབ་དེའི་ནང་གསལ་འདུག་ལ། གྲངས་ཉུང་མི་རིགས་ལ་དེ་དག་ཐོབ་ཀྱིན་ཡོད་པ་ཡང་གསལ་འདུག ཤེས་རིག་གཅིག་པུ་མིན་པར་འཕྲོད་བསྟེན། ཆབ་སྲིད། གུང་ཁྲན་ཏང་གི་རྩ་ཁྲིམས་ནང་གསལ་བའི་ཐོབ་ཐང་དེ་དག་ང་ཚོར་ཐོབ་དགོས་ཞེས་རྒྱ་ནག་ལ་རྩོད་པ་རྒྱག་གིན་ཡོད། ཅེས་རྒྱ་རི་རིན་པོ་ཆེ་ཡིས་གསལ་བཤད་གནང་འདུག་ལ། ང་ཚོ་བོད་གཞུང་གི་སྲིད་ཇུས་ཡང་དེ་རེད། རིག་གཞུང་གཅིག་པུའི་ཐོབ་ཐང་ཟེར་བ་དེ། གསར་འགོད་པ་ནེ་ཁོལ་ཁོ་རང་མི་གཅིག་གི་བསམ་ཚུལ་ཙམ་རེད། འོན་ཀྱང༌། བོད་ལ་ཤ་ཚ་ཡོད་པའི་དགོངས་འཆར་ཞིག་རེད། གྲོས་ཚོགས་ཀྱིས་བཀའ་འཁྲོལ་པའི་སྲིད་བྱུས་དང༌། བོད་བཙན་བྱོལ་གཞུང་གི་ད་ལྟའི་ལངས་ཕྱོགས། བོད་ཆོལ་ཁ་གསུམ། བོད་མི་ས་ཡ་དྲུག་ལ་འཛིན་སྐྱོང་གཅིག་གྱུར་གྱི་ཚད་ལྡན་རང་སྐྱོང་ཞིག་གི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། དེར་བརྟེན་ནེ་ཁོལ་གྱི་དགོངས་ཚུལ་དང་མི་འདྲ་བ་ཆགས་ཡོད་ཟེར།

ཡང་ཁོང་ལ། ནེ་ཁོལ་སྒེར་ངོས་ནས་དགོངས་འཆར་འདི་འདྲ་ཞིག་བཏོན་འདུག ད་ལྟའི་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་འགྲོ་བཞིན་པའི་གྲོས་མོལ་གྱི་རིམ་པ་འདི་གང་དུའང་སླེབས་གི་མ་རེད། རེ་བ་ཉག་གཅིག་ཡོད་པ་ནི་པེ་ཅིན་གྱིས་བོད་དོན་འདི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ཚོའི་ལག་ནས་བླངས་ཏེ། ཏཱ་ལའི་བླ་མ་མཉམ་དུ་སྲིད་འཛིན་ཧུའུ་ཅིན་ཐའོ་དང༌། ཡང་ན། སྲིད་བློན་ཝོན་ཅ་པའོ་ཡི་བར་ཐད་ཀའི་བཀའ་མོལ་གནང་རྒྱུ་དེ་རེད། ཅེས་དང༌། པེ་ཅིན་གྱི་དབུ་ཁྲིད་ཚོས་ཀྱང༌། གསར་གཏོད་ཀྱི་ཐག་གཅོད་བྱེད་ཕྱོགས་ལ་བསམ་བློ་གཏོང་གིན་འདུག ཅེས་༧གོང་ས་མཆོག་དང་ཧུའུ་ཅིན་ཐའོ་སོགས་མཐོ་རིམ་མི་སྣ་ཐད་ཀར་ཐུག་འཕྲད་བྱས་ན་དགེ་ཕན་ཆེ་ཚུལ་བརྗོད་འདུག དེའི་ཐད་དགོངས་འཆར་གང་ཡོད་དྲིས་པར། རྒྱ་ནག་གཞུང་གི་མགོ་ཁྲིད་གནད་དོན་ཐག་གཅོད་ཀྱི་དབང་ཆ་ཡོད་མཁན་ཚོ་དང༌། ༧རྒྱལ་བ་རིན་པོ་ཆེ་ཐུག་འཕྲད་གནང་ཐུབ་པ་ཡིན་ན་ཡག་ཤོས་རེད། ༧གོང་ས་མཆོག་གིས་རྟག་པར། ངས་རང་བཙན་རྩོད་ཀྱིན་མེད། བོད་མི་དམངས་ལ་ཚད་ལྡན་གྱི་རང་སྐྱོང་ཞིག་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་ཐུབ་བྱ་རྒྱུ་ཡིན་གསུང་གིན་ཡོད། ནེ་ཁོལ་གྱི་དགོངས་ཚུལ་ལྟར་ཕྱོགས་གཉིས་ཀྱི་མགོ་ཁྲིད་བར་ཐད་ཀར་བཀའ་མོལ་བྱུང་བ་ཡིན་ན། བོད་ཀྱི་གནད་དོན་སེལ་རྒྱུའི་ལམ་ཁ་ཡག་ཤོས་ཆགས་སོང་བ་རེད་ཅེས་གསུངས་བྱུང༌།

ཡང་འདི་གའི་གསར་འགོད་པ་ཆེད་དུ་བཞུགས་སྒར་ཕོ་བྲང་དུ་སྐྱོད་དེ། ༧གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་འཆི་མེད་ལགས་སུ་གོང་གི་གནད་དོན་དེའི་ཐད་བཅར་འདྲི་ཞུས་པར་ཁོང་གིས། ནེ་ཁོལ་ཁོང་རྒྱ་སྐད་རྒྱ་ཡིག་མཁྱེན་མཁན་ཞིག་རེད། འདི་ནས་གསལ་བོ་བཟོ་དགོས་པ་ཞིག་ལ། ༧གོང་ས་མཆོག་གིས་དབུ་མའི་ལམ་དུ་གསུངས་ཡོད་པ་དེ་ལ་ད་སྔ་འགྱུར་བ་རྩ་བ་ནས་བཏང་ཡོད་པ་མ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་གང་ཐོབ་ཀྱིན་ཡོད་པ་དེ་བོད་མི་ཡོངས་ལ་ཐོབ་དགོས་གསུང་གིན་ཡོད་ལ། ད་བར་སྐུ་ཚབ་རྣམ་པ་གཉིས་ཀྱིས་ཀྱང་དེ་བཤད་ཀྱིན་ཡོད། ༧གོང་ས་མཆོག་གིས་བོད་མི་ཡོངས་ལ། རྒྱ་ནག་གི་རྩ་ཁྲིམས་ནང་བསྟན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དེ་ཚད་ལྡན་ཞིག་དགོས་གསུང་གིན་ཡོད། གལ་ཏེ་དེ་མ་ཡོང་ཚེ་བོད་རྒྱ་ཆེའི་མི་དམངས་ཀྱིས་ཐག་གཅོད་བྱ་དགོས་པ་ཞིག་རེད། རིག་གཞུང་གཅིག་པུ་གསུང་གིན་ཡོད་པ་མ་རེད། ནེ་ཁུལ་གྱི་གོ་བ་ལེན་ཕྱོགས་ཙམ་རེད་མ་གཏོགས། ༧གོང་ས་མཆོག་གི་གསུང་ཚང་མ་ཡིག་ཐོག་ན་ཡོད། ཁོང་གཉིས་ཀྱི་ཐུག་འཕྲད་དེ་ཡང་བཅར་འདྲི་དེ་འདྲ་མ་རེད། ནེ་ཁུལ་ཁོང་ཚད་མཐོ་བའི་གསར་འགོད་པ་ཞིག་དང༌། བོད་དོན་ཐོག་དོ་སྣང་ཡོད་པ། བོད་དོན་བདེན་པར་མཐོང་མཁན་ཞིག་ཡིན་སྟབས། ཁོ་རང་བོད་རྒྱ་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་བྱ་རྒྱུའི་འདུན་པ་ཡོད་པ་མིན་འགྲོ་ཞེས་གསུང་བྱུང༌། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “རྒྱ་ནག་གི་རྩ་ཁྲིམས་ནང་གང་ཡོད་པ་དེ་རྩོད་གི་ཡོད།

  1. བུ་ཁྱོད་ས་ཕྱོགས་གང་གི་མགྲོན་པོ་ཡིན།།
    རང་ཚུགས་སྙིང་ལ་ཕོག་ཀྱང་ཡ་ང་ཅི།།
    ཡིན་ཡང་ཐབས་མེད་ཀླུགས་པའི་ཨུ་ཚུགས་དག།།
    ཤི་ཡང་ལེན་པར་མི་བྱེད་བོད་མིའི་གཤིས།།

  2. དད་པ་ལྷ་ལ་བྱས་ཀྱང་ལྷ་ཡི་དངོས་གྲུབ་ནི་མ་ཐོབ།།
    ཡིད་ཆེས་གཞུང་ལ་བཅོལ་གྱང་གཞུང་གིས་རང་ཚུགས་དེ་མ་ཐུབ།།
    སེམས་ནད་གྲོགས་ལ་བཤད་ཀྱང་གྲོགས་པོས་སེམས་གཏམ་དེ་མ་ཚོར།།
    སྤྲོ་སྣང་འཚོ་བར་བཅོལ་གྱང་འཚོ་བའི་སྙིང་པོ་དེ་འཕྲོག་སོང་།།

  3. བཙན་གྱིས་བསྒྱུར་དུ་མེད་པའི་ཀླད་གྱོང་གི་བུ་ང་།།
    བློ་རིག་དཔའ་རྩལ་དར་བའི་ཕ་བཟང་གི་བུ་ཡིན།།
    ཤི་ཡང་རྒྱ་མི་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ།།
    སུ་ཡིས་བསྐུལ་ཀྱང་མི་འགྲོ་རང་ཐག་དེ་བཅད་ཡིན།།

    རྩ་ཕྲན་དྲུག་བརྒྱའི་སྦུབས་ན་ལྷོག་ལྷོག་ཏུ་བཞུར་བའི།།
    འབྲི་མོའི་འོ་མའི་བསྐྱེད་པའི་འབྲོག་ཕྲུག་གི་ཁྲག་འདི།།
    འབུ་བཟན་རྒྱ་ཡི་མི་དང་བསྲེས་འདོད་དེ་མེད་པས་།།
    སྡུག་ཀྱང་ས་མཐའ་ཞིག་ནས་འཆི་བ་རང་དགའ་འོ།།

    ཟམ་གདོང་རྒྱ་རི་སོགས་ཀྱིས་རྒྱ་དར་དེ་འཕྱར་ནས་།།
    རྒྱ་ས་པེ་ཅིན་ཕྱོགས་ལ་ནམ་ཞིག་ཏུ་ཕེབས་ཀྱང།།
    བདག་མེད་བུ་ལྡོམ་ང་ལ་ཕྲག་དོག་ནི་མེད་ཀྱང།།
    ཚེ་འདིར་གཞུང་དང་ཕྱི་མའི་མགོན་སྐྱབས་ཀྱང་མི་དགོས།།

  4. གནས་ཚང་། བཤད་རྒྱུ་ཡོད་ན་ང་ནང་བཞིན་བཤད་ཤོག དེ་མིན་ག་དུས་ཡིན་ན་དགའ་གི་མེད་པའི་རྣམ་འགྱུར་སྟོན་ཐུབ་ཙམ་གྱི་ཟུར་ཟའི་ཡིག་ཐུང་རེ་ལས་འབྲི་རྒྱུ་མེད་པ་ཅི་ཡིན།
    རྒྱལ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་འདོད་ན་ཉན་རྒྱུ་ཡོད་པ་ཞིག་འབྲི་དགོས། ཁྱེད་རང་གིས་ད་བར་དུ་ག་རེ་བྲིས་ཡོད་མེད་ཕྱོགས་སྡོམ་ཞིག་བྱོས་དང། གདོང་པ་སྟོན་དགོས་ན་ངོ་ཚ་དགོས་པ་རྐྱང་ལས་བྲིས་མི་འདུག