ཤི་གསོན་ཤེས་ཀྱི་མི་འདུག

 
ཕ་ཡུལ་སྨྲར་ཁམས་ནས་ཡིན་པའི་ལྷ་ས་ར་མོ་ཆེའི་གྲྭ་བསོད་ནམས་རབ་རྒྱས་ནི། ད་ལོའི་ཟླ་ ༣ པའི་ཚེས་ ༡༤ ནས་གར་སོང་ཆ་མེད་དུ་གྱུར་བ་དང༌། ད་ལྟའི་ཆར་ཤི་གསོན་ཅི་ཡིན་ཤེས་རྟོགས་མེད་པའི་གནས་ཚུལ་ཚེས་ ༢༠ ཉིན་རྒྱུད་སྟོད་གྲ་ཚང་དུ་ཡོད་པའི་ཁོང་གི་གཉེན་ཉེ་ཞིག་གིས་འདི་ག་གསར་ཁང་དུ་གསུངས་བྱུང༌།

༣ པའི་ཚེས་ ༡༤ ཉིན་གྱི་ལྷ་སའི་གནས་ཚུལ་མ་བྱུང་བའི་གོང་ལ། ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་དུ་སྨོན་ལམ་མཆོད་འབུལ་བྱས་པའི་སྐབས་སུ། ཚོགས་ཡོངས་སུ་སྐྱབས་ཐོའི་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཡུན་རིང་བརྟན་པ་དང༌།  བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བ་སོགས་ཀྱི་གནས་ཚུལ་བྲིས་པ་དགོན་པར་ཡོད་པའི་རྒྱ་མི་ལས་བྱེད་པས་ཤེས་རྗེས་གནད་ཡོད་མི་སྣ་ཁ་ཤས་བསྐོང་འགུག་གིས་འདྲི་རྩད་དོ་དམ་བྱས་འདུག དེ་རྗེས་ཚེས་ ༡༤ ཉིན་ལྷ་ས་ར་མོ་ཆེ་དགོན་པ་ནས་གྲྭ་བ་ཚོས་ཞི་བའི་ངོ་རྒོལ་བྱས་ཏེ། གྲྭ་བ་མང་པོ་བཟུང་བའི་གནས་ཚུལ་བྱུང་ཡོད་པ་རེད། དེའི་ནང་ནས་ར་མོ་ཆེའི་ཕྱག་མཛོད་ཟུར་བ་ཕ་ཡུལ་སྨྲར་ཁམས་ནས་ཡིན་པ་གྲྭ་བསོད་ནམས་རབ་རྒྱས་ལགས། དགོང་ལོ་ ༣༩ ཡིན་པ་དང༌། དགྲ་འདུལ། རབ་རྒྱས། ངག་དབང་བསྟན་འཛིན་སོགས་གྲྭ་བ་མང་པོ་ཅིག་བོད་ཡུལ་གྱི་ངོ་རྒོལ་བ་སྤྱི་དང་འདྲ་བར་འཛིན་བཟུང་བཀག་ཉར་བྱས་འདུག་ཀྱང༌། རིམ་པས་གྲྭ་བ་མང་ཤོས་གློད་ཡོད་ཀྱང༌། གོང་གི་གྲྭ་བ་དེ་དག་གཙོ་བྱས་པའི་གྲྭ་བ་ ༥ ད་དུང་གློད་མེད་པ་མ་ཟད། གྲྭ་བསོད་ནམས་རབ་རྒྱས་བཙོན་ཁང་གང་དུ་ཡོད་མེད་དང༌། ཤི་གསོན་ཅི་ཡིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply