རྒྱ་ནག་གིས་ཨ་རུ་རའི་ཡལ་ག་མཐོང་སྟངས།

ཕྱི་ཚེས་ ༢༡ ཉིན་རྒྱ་ནག་མི་དམངས་ཉིན་རེའི་གསར་འགྱུར་གྱི་ནང་དུ་ཉེ་ཆར་ནེའུ་ཡོག་དུས་བབ་སྟེང་ནེ་ཁོ་ལ་སི་ ཁུ་རེ་སི་ཊོ་ཧྥུ་ལགས་ཀྱིས་བྲིས་པའི་ཆེད་རྩོམ། ཏཱ་ལའི་བླ་མའི་ཕྱག་གི་ཨ་རུ་རའི་ཡལ་ག ཅེས་པ་དེར་ལན་འདེབས་ལྟ་བུར། ཅིན་ཚན་རོང་ཞེས་པས། ཏཱ་ལའི་བླ་མའི་ཕྱག་གི་བསླུ་བྲིད་ཀྱི་ཨ་རུ་རའི་ཡལ་ག་ཞིག ཅེས་པའི་མགོ་བརྗོད་འོག་རྩོམ་ཡིག་ཅིག་སྤེལ་འདུག་ལ། འདི་ག་གསར་ཁང་གིས་རྩོམ་ཡིག་དེ་དབྱིན་ཡིག་ནས་བོད་ཡིག་ལ་ཕབ་བསྒྱུར་བྱས་པ་ཡིན།

ཏཱ་ལའི་བླ་མའི་ཕྱག་གི་བསླུ་བྲིད་ཀྱི་ཨ་རུ་རའི་ཡལ་ག་ཞིག

ཅིན་ཚན་རོང་། ཀྲུང་གོའི་མི་དམངས་ཉིན་རེའི་ཚགས་པར། ༢༠༠༨།༨༠།༢༡ ཉིན།

ཨོ་ལིམ་པིག་འཚོགས་པར་ཉིན་གཅིག་ལས་མེད་པའི་སྐབས་དེར། ནེའུ་ཡོག་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་དུ་དཔྱད་བརྗོད་པ་དང་རྒྱ་ནག་ནང་གི་གསར་འགོད་པ་ཟུར་པ་ནེ་ཁོལ་གྱིས་བོད་ཀྱི་གནད་དོན་ཐག་གཙོད་ཕྱོགས་ཀྱི་ཏཱ་ལའི་བླ་མའི་རིག་པ་གསར་པ་ཞེས་པ་དག་ངོ་སྤྲོད་བྱས།

དཔྱད་བརྗོད་དེའི་ཁ་བྱང་ལ། ཏཱ་ལའི་བླ་མའི་ཕྱག་གི་ཨ་རུ་རའི་ཡལ་ག ཅེས་བཏགས་ཤིང་། ནེ་ཁོལ་གྱིས་ད་དུང་པེ་ཅིན་གྱིས་བོད་ཐོག་བཟུང་བའི་སྲིད་བྱུས་ཆ་ཚང་མི་ཤེས་བཞིན་དུ་བོད་དོན་ཐོག་ཁོ་རང་གི་བསམ་ཚུལ་ཡང་བཏོན།

པེ་ཅིན་གྱི་ཕྱོགས་ནས་ཡང་དང་བསྐྱར་དུ་ཞི་མོལ་གྱི་སྒོ་ཕྱེ་ཡོད་ཅེས་བཤད་ཀྱིན་པར་མ་ལྟོས་པར། ཏཱ་ལའི་བླ་མས་རང་གི་རེ་འདུན་དབུས་གཞུང་ལ་ཐད་ཀར་མི་ཞུ་བར། ནུབ་ཕྱོགས་ཀྱི་གསར་འགོད་པ་ཞིག་བརྒྱུད་ནས་ཡོངས་བསྒྲགས་བྱེད་པ་འདི་ནི་བསམ་བརྗོད་ལས་འདས་པ་ཞིག་རེད། ཨ་རིའི་གསར་འགོད་པ་ཞིག་གི་ཁ་བརྒྱུད་ནས་སྐད་ཆ་བཤད་པ་དེས་རང་གི་བརྡ་ལན་དེའི་ཆ་འཇོག་ཇེ་ཆུང་ལ་གཏོང་གི་རེད་ལ། མང་ཚོགས་ལའང་ཏཱ་ལའི་བླ་མར་དོན་ངོ་མར་དཀའ་རྙོག་དེ་སེལ་འདོད་ཡོད་མེད་དང་། ཡང་ན། སླར་ཡང་ནུབ་ཕྱོགས་པའི་ཚབ་བྱས་ཏེ་བརྒྱུད་ལམ་ནས་གླེང་ཕྱོགས་བཟོ་བའི་ལས་འགུལ་སྤེལ་བ་གང་ཡིན་ཡ་མཚན་སྐྱེ་འཇུག་གི་རེད།

༢༠༠༢ ལོ་ནས་ལོ་འདིའི་ལོ་སྟོད་བར་དུ་དབུས་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་མཉམ་དུ་ཐེངས་དྲུག་ལ་འབྲེལ་བ་བྱས་པ་རེད། གསུམ་པའི་ ༡༤ ཉིན་གྱི་ལྷ་སའི་ཡར་ལངས་ཀྱིས་ཀྲུང་གོའི་མི་དམངས་ལ་ཁོང་ཁྲོ་བསླངས་ཡོད་པར་མ་ལྟོས་པར། ཏང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུ་ཡིས་ཁོའི་སྐུ་ཚབ་མཉམ་དུ་འབྲེལ་མོལ་རིམ་པ་གཉིས་སྒྲིག་ཡོད་པ་རེད། དེར་བརྟེན་ཏཱ་ལའི་བླ་མས་སྐད་ཆ་བཤད་ས་ནི་དབུས་གཞུང་ཡིན་པ་ལས་ནུབ་ཕྱོགས་ཀྱི་མི་སྒེར་བའི་རིགས་མ་རེད།

ཏཱ་ལའི་བླ་མས་ནེ་ཁོལ་བརྒྱུད་གླེང་བའི་མཐའ་མའི་བརྡ་ལན་ནང་དུ། ཁོང་ནས་སྲིད་འཛིན་དང་སྲིད་བློན་རིམ་པ་མ་གཏོགས་འཐབ་ཕྱོགས་གཅིག་གྱུར་པུའུ་མཉམ་དུ་སྐད་ཆ་བཤད་ཀྱི་མིན་པ་དང་། ཐ་ན་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཧུའུ་ཅི་ཡང་ལས་གནས་ནས་བརྗེ་བོ་རྒྱག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། དགོས་འདུན་འདི་དག་ནི་རྒྱུ་མཚན་ལ་གནས་པ་ཞིག་མིན་པ་མ་ཟད། འདིས་ཐ་ན་མ་འོངས་པར་ཞི་མོལ་གྱི་ལམ་ཁ་འགོག་ཀྱང་སྲིད་གི་རེད། དགོས་འདུན་འདི་དག་གི་སྟེང་ནས་མི་རྣམས་ལ་ཏཱ་ལའི་བླ་མས་དོན་དངོས་ཀྱི་ཐག་གཅོད་ཅིག་འཚོལ་གྱིན་པའི་ཆ་འཇོག་ལ་དོགས་པ་སྐྱེས་འཇུག་གི་རེད།

ནེ་ཁོལ་གྱི་རྩོམ་ཡིག་ནང་ཏཱ་ལའི་བླ་མས་བཤད་དོན། ཁོང་གི་ཆག་ཡང་ཆེ་ཤོས་ནི་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་རྒྱུར་ངོས་ལེན་བྱས་པ་དེ་ཡིན་ལ། འདིའི་ལན་ལྟ་བུར་རྒྱ་ནག་དབུས་གཞུང་གིས་གཅོག་ཆ་ཡོད་པའི་ཐོག་ནས་འགྲིག་འཇགས་ཡོང་བ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། འདི་ནི་ཏཱ་ལའི་བླ་མའི་ཞི་མོལ་གྱི་ཐབས་རྩལ་ཙམ་ལས་ཅི་ཡང་མིན།

དངོས་གནས་བཤད་ན། འདི་ནི་ཏཱ་ལའི་བླ་མས་ངེས་པར་དུ་ངོས་ཟིན་དགོས་པ་དེ་རེད། གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ནི་ ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་བཙུགས་པ་ནས་ད་བར་དུ་བོད་ནང་གི་གཞི་རྩའི་སྤྱི་ཚོགས་ལམ་ལུགས་དེ་ཡིན་པ་ནི་བསྒྱུར་དུ་མེད་པའི་དངོས་ཡོད་གནས་ཚུལ་ཡང་ཡིན། སྤྱི་ཚོགས་ལམ་ལུགས་འདིའི་འོག་ཏུ་ལྗོངས་འདིར་རླབས་ཆེ་བའི་དེང་རབས་ཀྱི་ཡར་རྒྱས་བཏང་ཡོད། གཞི་རྩའི་ལམ་ལུགས་འདི་བསྒྱུར་བཅོས་བཏང་ཚེ་བོད་ནང་བསལ་ཡུལ་ལས་འདས་པའི་ཆག་འཇིག་ཡོང་གི་རེད། དེ་བཞིན་དུ་གཞི་རྩའི་ལམ་ལུགས་བརྗེ་སྟེ་འཆར་གཞི་གསར་པ་ཞིག་ཁྱེར་ཡོང་བ་ནི་རྒྱུ་མཚན་ལྡན་པ་ཞིག་ཀྱང་མ་རེད།

ཏཱ་ལའི་བླ་མས་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཚང་མ་ཟེར་བའང་གླེང་སྟེ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་ཞིང་ཆེན་བཅས་ཀྱི་ས་ཁྱོན་རེ་བཅད་དེ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་དང་ཆབ་སྲིད་ཀྱི་ས་མཚམས་རྒྱ་བསྐྱེད་ཅིང་ཀྲུང་གོའི་ས་ཁྱོན་གྱི་བཞི་ཆའི་གཅིག་ཟིན་པ་ཞིག་དགོས་པའི་རེ་བ་བཏོན་པ་དང་། ད་དུང་དབུས་གཞུང་ལ་བོད་ནང་དུ་ཡུལ་མི་གནས་སྤོར་བ་འགོག་རྒྱུའི་དགོས་འདུན་ཡང་བཏོན་འདུག ཀུན་སློང་མ་དག་པའི་བསམ་ཚུལ་འདིས་ཀྲུང་གོའི་རྩ་ཁྲིམས་ནང་དུ་མི་རིགས་གཞན་པ་དག་ཀྲུང་གོའི་ས་ཁྱོན་ནང་རང་དབང་གིས་སྐྱོད་དེ་ཚོང་གཉེར་བྱས་ཆོག་པའི་ཐོབ་ཐང་དེ་སྣང་མེད་གཏོང་གི་ཡོད། ཏཱ་ལའི་བླ་མས་བཏོན་པའི་བོད་ཆེན་པོའམ་བོད་མི་འདུས་སྡོད་ཀྱི་ས་ཆ་ཚང་མ་ཞེས་པའི་བསམ་ཚུལ་དེས་མ་འོངས་པར་རིགས་རྒྱུད་གཙང་ཕྱག་བྱེད་པ་དང་བོད་པ་མིན་པའི་གཞིས་པ་ཚང་མ་བོད་ནས་ཕྱིར་འབུད་གཏོང་དགོས་པར་བཟོ་གི་རེད།

ནེ་ཁོལ་གྱིས་ཏཱ་ལའི་བླ་མའི་བསམ་ཚུལ་གསར་པ་དག་གསལ་འདོན་བྱས་རྗེས་ཁོའི་རྩོམ་ཡིག་ནང་དུ་ཆ་རྐྱེན་ངེས་ཅན་ཁག་ཅིག་བགྲང་ཡོད་པ་རེད། ནེ་ཁོལ་གྱིས་བཤད་དོན། ཏཱ་ལའི་བླ་མ་བོད་ཕྱི་ནང་ལ་རང་དབང་གིས་འགྲོ་ཆོག་པ། བོད་རང་སྐྱོང་ལྗོངས་ནང་དུ་ཡུལ་མི་གནས་སྤོར་བ་ཚད་འཛིན། སློབ་ལོ་མ་ཟིན་པའི་བྱིས་པ་ཚོ་དགོན་པར་འཛུལ་ཆོག་རྒྱུ། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ཤུགས་སྣོན་དང་བོད་མི་ལས་བྱེད་པ་ཇེ་མང་དུ་གཏོང་རྒྱུ་སོགས་འདུག ཡིན་དང་ཡིན། བསམ་ཚུལ་འདོན་རྒྱུ་ནི་ཏཱ་ལའི་བླ་མའི་ཐོབ་ཐང་རེད། ཡིན་ནའང་བསམ་ཚུལ་དེ་དག་གནས་ལུགས་ཡོད་པ་དང་དོན་དག་ཡོད་པ་ཞིག་དགོས་པ་རེད།

ཡུལ་མི་གནས་སྤོར་གྱི་རང་དབང་ནི་ཀྲུང་གོའི་རྩ་ཁྲིམས་ནང་གཏན་འབེབས་ཡོད་ཅིང་ཐོབ་ཐང་འདི་འགོག་པ་ནི་དེང་རབས་ཀྱི་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་པ་དང་མི་སེར་སྒེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཡིན། མི་རིགས་ཚང་མའི་བྱིས་པ་ཚོར་ལོ་དགུའི་རིང་གཞི་རྩའི་སློབ་གསོ་རག་རྒྱུའི་ཐོབ་ཐང་ཡོད་ལ། ཕ་མ་དང་ང་ཚོའི་སྲིད་གཞུང་གཉིས་ཀར་འདིའི་འགན་ཡོད་པ་རེད། བྱིས་པ་ཚོ་འཆར་ལོངས་བྱུང་ཞིང་རང་ངོས་ནས་ཐག་གཅོད་ལེན་ཐུབ་པའི་སྐབས་ནས་ཆོས་ལུགས་དད་མོས་ཀྱི་རང་དབང་སྲུང་སྐྱོབ་བྱས་ཡོད།

དེང་རབས་ཅན་དུ་འགྲོ་བའི་བརྒྱུད་རིམ་ཁྲོད། བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་ཀྲུང་གོའི་མངའ་ཁུལ་དང་ཞིང་ཆེན་གཞན་པ་དག་དང་འདྲ་བར་དེང་རབས་དུ་བསྒྱུར་བ་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་གཉིས་ཀྱི་བར་དཀའ་རྙོག་འཕྲད་ཡོད། དོན་དངོས་ཤིག་ནི། བོད་ཀྱི་སྐད་ཡིག་རྒྱ་ཁྱབ་ཀྱིས་སློབ་ཁྲིད་དང་བཀོལ་སྤྱོད། བོད་ཀྱི་མི་རིགས་རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐད་ཀྲུང་གོས་གཡུར་དུ་ཟ་བའི་གྲུབ་འབྲས་བཞག་ཡོད།

གནད་དོན་ཐུག་ས་དེ་ང་ཚོའི་རིག་གཞུང་ཡིན་པ་ལས་ཆབ་སྲིད་མིན། ཏཱ་ལའི་བླ་མས་འདི་ལྟར་བཤད་པ་ནེ་ཁོལ་གྱིས་རྩོམ་ཡིག་ནང་ལུང་དྲངས་འདུག དེ་ལྟར་ཡང་། ཀློག་མཁན་རྣམས་ཀྱིས་ཏཱ་ལའི་བླ་མས་བཏོན་པའི་དགོས་འདུན་དེ་དག་གི་ཁྲོད་ནས་སྲིད་དོན་གྱི་སྤོས་དྲི་ཁོ་ན་རེ་ཚོར་ཐུབ་གི་རེད། རིག་གཞུང་སྲུང་སྐྱོབ་ནི་བེད་སྤྱོད་ཙམ་རེད།

བསྐྱར་བཅོས།: ༢༠༠༨/༠༨/༢༢

Leave a Reply

2 thoughts on “རྒྱ་ནག་གིས་ཨ་རུ་རའི་ཡལ་ག་མཐོང་སྟངས།

  1. རྭ་རྒྱ་བློ་དབང་།

    གནས་ཚང་ལགས། ཁྱེད་ཀྱིས་རང་ཉིད་ཀྱི་རྐང་ལག་བཞིས་བཏེགས་པའི་གཟུགས་ཕུང་དང་། གཟུགས་ཕུང་གི་ནང་རོལ་ན་ཡོད་པའི་སྙིང་གསོན་པོ། སྙིང་དེའི་འཕར་ཚད་དང་ནུས་ཤུགས་བཅས་ལ་བསམ་གཞིག་གཟབ་ནན་བཏང་མཐར། གཞི་ནས་ཅི་དོར་བའི་མཇུག་འབྲས་བསླུ་བྲིད་ཡིན་རབས་དང་། ཡང་ན་ཏཱ་ལའི་བྨ་མས་ཅི་ཞིག་མ་མཁྱྲེན་པའི་ཚུལ་སོགས་འཁོད་པའི་ཆབ་སྲིད་ཀྱི་བསམ་ཚུལ་གླེང་ན་བཟང་བར་སྙམ།

  2. ད་ག་འདྲ་འདུག་གམ། རང་བཙན་དོར། ཆབ་སྲིད་རང་སྐྱོང་དོར། དམངས་གཙོ་དོར། མཐའ་མཇུག་མངོན་ཡོང་བ་ནི་བསླུ་བྲིད་དུ་འགྱུར་དོན་ཅི། ངོ་མ་བཤད་ན། འདི་ནི་ཏྰ་ལའི་བླ་མས་མ་མཁྱེན་པ་ཡིན་ནམ། ཡང་ན། གྲ་སྒྲིག་བློ་མཐུན་ཚོར་བསྟུན་དགོས་ཆགས་པ་ཡིན་ནམ། མདོ་དོན་རྒྱ་དམར་མགོ་ཚོས་ཀྱི་མེད་པ་དེ་རེད། འོ་ན། ཅིའི་ཕྱིར་མགོ་ཚོས་མཁན་ཚོར་བཀའ་འདྲི་མི་ཞུ་བ་ཡིན་ནམ། དགོངས་དག འཇིང་རྟེན་འདིར་ཐམས་ཅད་མཁྱེན་པ་མེད་ཤག་རེད། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་བ་ནི་ཚད་མ་རང་རེད།