བོད་དོན་ཐོག་མི་དམངས་ཁ་གྲགས་པའི་དུས་རེད།

རྒྱལ་སྤྱིའི་སྒང་ལ་༧གོང་ས་མཆོག་གི་གཟི་བྱིན་ཡོད་སྐབས་འདིར་ང་ཚོས་བོད་དོན་ལ་ཤུགས་བརྒྱབ་རྒྱུ་ནི་གོ་སྐབས་ལེགས་པོ་ཅིག་རེད། བོད་ཀྱི་མ་འོངས་པ་ནག་ཁུང་མ་རེད། གང་ལྟར་དོན་གྱི་བདག་པོ་དེ་མི་དམངས་ཡིན་པས། མི་དམངས་ཀྱི་ངོས་ནས་སྐད་ཆ་བཤད་དགོས་པ་དང༌། ཁ་གྲགས་དགོས་པའི་དུས་རེད། མ་འོངས་པ་དེ་གང་འདྲ་ཞིག་ཏུ་འགྲོ་མིན་མི་དམངས་ཀྱི་ལག་པར་ཡོད་པ་རེད་ཟེར།

བཞུགས་སྒར་གྱི་ཚོགས་པ་ཁག་བཞིའི་གོ་སྒྲིག་འོག་ཕྱི་ཚེས་ ༢༢ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་མཁས་པའི་བགྲོ་གླེང་ཞེས་ཡིག་འབྲུ་ཆེན་པོ་ཅིག་བྲིས་ཡོད་པ་དང༌། དེའི་གཤམ་དུ་བོད་མིའི་སྒེར་ལངས་དང༌། མ་འོངས་བོད་ཀྱི་ཁ་ཕྱོགས་ཞེས་པའི་བརྗོད་གཞི་ཞིག་བྲིས་འདུག ཉིན་འདིའི་བརྗོད་གཞིའི་སྟེང་གི་བགྲོ་གླེང་བ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་དང༌། བཀའ་ཟུར་བསོད་ནམས་སྟོབས་རྒྱལ། བོད་གཞུང་ལས་ཟུར་སྣར་སྐྱིད་ངག་དབང་དོན་གྲུབ། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། བོད་གནས་མཉམ་ཞིབ་པ་ཀླུ་མཁར་བྱམས་བཅས་མི་སྣ་ལྔ་ཡིན་པ་དང༌། བགྲོ་གླེང་ཚོགས་འདུ་ལ་ཟུར་ཉན་པ་སྤྱི་འཐུས་དང་འབྲེལ་ཡོད་ཚོགས་པ་འགའི་དབུ་ཁྲིད་སོགས་ཞུགས་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་གྱིས། ང་ཚོར་གདམ་ཀ་མེད་པའི་ཚད་གཞི་ཞིག་གི་ཐོག་ནས་དབུ་མའི་ལམ་འདིར་བསྐྱོད་དེ་མི་ལོ་ ༢༠ ལྷག་འགོར་ཡང༌། ང་ཚོའི་རྩ་དོན་ལ་གྲུབ་འབྲས་མ་ཐོན་པས་མི་མང་དང༌། གཞུང་གི་ངོས་ནས་ལམ་འདིའི་སྒང་ལ་མུ་མཐུད་ནས་བསྐྱོད་མིན་དེར་བསམ་བློ་གཏོང་དགོས་པ་ཆགས་ཡོད། ད་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྔ་ཉིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ ༤༠༠ ལྷག་༧གོང་ས་མཆོག་དང་མཇལ་འཕྲད་གནང་སྐབས། ཁོང་གིས་ད་ཐེངས་ཀྱི་འབྲེལ་མོལ་ལ་གྲུབ་འབྲས་ཐོབ་མེད་པ་འདིས་བོད་དོན་འཇོག་མི་ཉན་པ་དང༌། ཁོང་གིས་བཀའ་ཤག་དང༌། སྤྱི་འཐུས། མི་མང་ལ་བཀའ་བསྡུར་བྱེད་རྒྱུ་ཡིན། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་ཞིག་ཏུ་འགྱུར་ཡང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་བཞིན་པར་འགྱུར་བ་གཏོང་མི་ཉན་པའི་བཀའ་སློབ་གནང་ཡོད་པ་དང༌། ད་ཐེངས་ཧྥ་རན་སིར་ཆིབས་བསྒྱུར་སྐྱོང་བཞིན་པའི་སྐབས་ཀྱང༌། མ་འོངས་པའི་བོད་རྒྱའི་བར་གྱི་འབྲེལ་མོལ་གྱི་ནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བགྲོ་གླེང་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་རེད། གོང་གི་༧གོང་ས་མཆོག་གི་གསུང་འདི་དང༌། མི་མང་གི་བསམ་ཚུལ། རྒྱ་ནག་གི་སྲིད་བྱུས་སོགས་ལ་བལྟས་ནས་ལམ་དབུ་མའི་ཐབས་ལམ་ལ་འགྱུར་བ་གཏོང་དགོས་འདུག་བསམ་གྱིན་ཡོད། གལ་ཏེ་འགྱུར་བ་གཏོང་རྒྱུ་བྱུང་ཚེ་རྒྱལ་སྤྱིའི་སྒང་ལ་བོད་དོན་འདི་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་པའི་དགོས་འདུན་འདོན་དགོས་པ་དང༌། གལ་ཏེ་གདམ་ག་ཡོད་པའི་ཉི་མ་ཞིག་ལ་བོད་རྒྱ་ཆེའི་མི་མང་གིས་རང་བཙན་འདེམས་རྒྱུ་ཡིན་ཚུལ་སོགས་གསུངས་བྱུང༌།

བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། རྒྱལ་སྤྱིའི་སྒང་ལ་༧གོང་ས་མཆོག་གི་གཟི་བྱིན་ཡོད་སྐབས་འདིར་ང་ཚོས་བོད་དོན་ལ་ཤུགས་བརྒྱབ་རྒྱུ་ནི་གོ་སྐབས་ལེགས་པོ་ཅིག་དང༌། བོད་ཀྱི་མ་འོངས་པ་ནག་ཁུང་མ་རེད། གང་ལྟར་དོན་གྱི་བདག་པོ་དེ་མི་དམངས་ཡིན་པས། མི་དམངས་ཀྱི་ངོས་ནས་སྐད་ཆ་བཤད་དགོས་པ་དང༌། ཁ་གྲགས་དགོས་པའི་དུས་རེད། མ་འོངས་པ་དེ་གང་འདྲ་ཞིག་ཏུ་འགྲོ་མིན་མི་མང་གི་ལག་པར་ཡོད་པའི་སྐོར་གསུངས་བྱུང༌།

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས། སྒེར་ལངས་ཆེན་པོ་འདིའི་ཐོག་ལ་རྒྱལ་སྤྱིར་ལྟ་སྟངས་གང་འདྲ་ཡོད་མེད་ཧ་གོ་དགོས་པ་གལ་ཆེན་པོ་རེད། རྒྱ་ནག་གིས་བོད་ཐོག་ལ་དྲག་གནོན་བྱེད་རྒྱུའི་སྲིད་ཇུས་འདི་འགྱུར་བ་མེད་པ་ངོས་ཟིན་པ་བྱས་ཐོག ང་ཚོས་རྒྱ་ནག་གཞུང་ལ་རེ་བ་རྒྱག་རྒྱུ་མེད་པ་ཧ་གོ་དགོས། གནས་ལུགས་འདི་དག་ཧ་གོ་རྗེས་ང་ཚོར་ལམ་ཁ་གཅིག་ཡོད་པ་ནི་རྒྱ་ནག་གི་ད་ལྟའི་གཞུང་འདི་མགོ་རྟིང་སློག་ཐབས་བྱེད་དགོས། དེ་ལ་ཐོག་མར་རྒྱ་ནག་མི་མང་དང༌། ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་ནང་གི་དམངས་གཙོ་དོན་གཉེར་བ་སོགས་དང་མཉམ་འབྲེལ་བྱེད་དགོས། གལ་ཏེ་རྒྱ་ནག་དམངས་གཙོ་ཅན་དུ་གྱུར་ན་ང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་རག་གི་རེད། དེ་ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོའི་གྲོས་ཆོད་དོན་ཚན་ ༡༠ ཡོད་པའི་ནང༌། དོན་ཚན་གཅིག་ནི་རྒྱ་ནག་དམངས་གཙོར་གྱུར་རྗེས་ཀྱི་ལོ་ ༢༥ རྗེས་ལ། བོད་མིས་རང་ཐོག་རང་གཅོད་ཀྱིས་མུ་མཐུད་ནས། རྒྱ་ནག་དང་མཉམ་གནས་བྱེད་མིན་གྱི་གདམ་ག་བྱེད་ཆོག་པ་འདི་རེད། དེ་བས་ང་ཚོས་བོད་ཕྱི་ནང་གི་འབྲེལ་ལམ་ཡར་རྒྱས་དང༌། རྒྱ་ནག་དམངས་གཙོ་ཅན་ལ་འགྱུར་བར་འཐབ་རྩོད་བྱེད་བཞིན་པའི་སྤྱི་སྒེར་གང་རུང་ལ་མཉམ་འབྲེལ་གྱིས་འཐབ་རྩོད་བྱེད་དགོས་པའི་ལམ་ཁ་ཞིག་འདེམ་དགོས་སྐོར་གསུངས་བྱུང༌།

བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས། བོད་གཞུང་གིས་ལོ་རྒྱུས་ཐོག་ནས་རྒྱ་རིགས་ཕྱིར་འབུད་ཐེངས་གསུམ་ལ་བྱས་པ་རེད། ད་ཐེངས་ཀྱི་མི་མང་སྒེར་ལངས་ཆེན་མོ་འདི་ནི་ལོ་རྒྱུས་ཐོག་རྒྱ་ནག་ཕྱིར་སྤྲོད་བྱེད་པའི་མི་མང་གི་ལས་འགུལ་ཞིག་རེད། འདི་མཚམས་འཇོག་མི་ཉན་པར་མུ་མཐུད་ནས་སྒེར་ལངས་བྱེད་དགོས། བོད་གཞུང་གི་ཐབས་ལམ་འདིའི་སྒང་ལ་གྲུབ་འབྲས་མེད་པ་བཞིན་འགྱུར་བ་གཏོང་དགོས་ལ། བཀའ་ཤག་གིས་ད་ལོའི་༧སྐུའི་འཁྲུངས་སྐར་ཉིན་གྱི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་ཅི་གསུངས་དེ་བཞིན་ནོ། ཟེར་བ་དེ་རྒྱ་ནག་གིས་དེང་རབས་ཅན་འཛུགས་བསྐྲུན་བྱེད་དགོས་པར་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གཞིར་འཛིན་དགོས་ཟེར་བ་དང་གཅིག་པ་ཆགས་འགྲོ་བས་ང་ཚོས་སྲིད་བྱུས་འདི་འདྲ་མི་འཛིན་པར། ཐབས་ལམ་ཡོད་པ་བཞིན་ངེས་པར་དུ་ཐབས་ལམ་གཞན་པ་བེད་སྤྱོད་གཏོང་དགོས་པ་རེད་ཅེས་སོགས་གསུངས་བྱུང༌།

བགྲོ་གླེང་བ་ཚོས་རང་རང་གི་དགོངས་དོན་གསུངས་ཚར་བ་དང༌། བགྲོ་གླེང་ཟུར་ཞུགས་པ་ཚོས་དྲི་བ་དང་བསམ་ཚུལ་བརྗོད་ཡོད་པ་རེད། བགྲོ་གླེང་ཟུར་ཉན་པ་དབུས་གཙང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ནས་གལ་ཏེ་བོད་ཀྱི་འཐབ་རྩོད་འདི་སྤྱི་མོས་འོས་འདེམས་ཀྱི་ལམ་ཀ་ཞིག་ཏུ་འགྲོ་ན་རྒྱ་གར་གཞུང་ལ་མཚོན་ན་ཡང་དེའི་སྒང་ལ་རྒྱབ་སྐྱོར་བྱེད་བདེ་བ་ཞིག་དང༌། སྔོན་གྱི་སྲིད་འཛིན་ཚོས་ཀྱང་རང་ཐག་རང་གཅོད་ཀྱི་སྒང་ལ་རྒྱབ་སྐྱོར་ཡོད་པའི་སྐོར་གྱི་བསམ་ཚུལ་ཞུས་ཡོད་ལ། དེ་བཞིན་ཞུར་ཉན་བ་འགས་གལ་ཏེ་བོད་ཀྱི་འཐབ་རྩོད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ན་རྒྱལ་སྤྱིའི་སྒང་གི་ད་ལྟའི་རྒྱབ་སྐྱོར་འདི་མུ་མཐུད་གནས་མིན་སོགས་དོགས་འདྲི་དང་བཅས་མཇུག་བསྡུས་ཡོད་པ་རེད།

གསར་འགོད་པ་། ཚེ་རིང་སྐྱིད།
     
   

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “བོད་དོན་ཐོག་མི་དམངས་ཁ་གྲགས་པའི་དུས་རེད།

  1. མྱི་སྨྱོན།

    འདི་ལ་ལྟོས་ན་ཕལ་ཆེར་ཀརྨ་ཆོས་འཕེལ་ཆང་གི་བཟི་མེད་ཡང་སྙིང་ནད་བྱུང་ཡོད་ཤག དེ་མིན་བོད་ཀྱི་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་བསམ་ན་དབང་ཆ་ལག་ཡོདཀྱི་སྐབས་ལག་ལེན་ལ་འཁེལ་པ་ལས་ཚོགས་གཙོ་ཤོར་སྐབས་འདི་ལྟ་བུའི་སེམས་ཤུགས་གང་ནས་སླེབས་པ་ཡིན།

  2. མདོར་ན་གཏམ་གླེང་ངར་མ་དེ་ཚོ་ནད་པ་ངར་མ་བོད་ལ་དམིགས་ཡོད་པས། བོད་མི་ཡ། བོད་མི། རང་ངོ་ཤེས་པར་འཚལ་ཞུ་འདོད་བྱུང་། ཐེངས་འདིར་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་བོད་མི་ཚོ་ནང་པ་དངོས་མར་སྣེ་ཁྲིད་གནང་འདུག དེ་ནི་ཡི་རངས་ཞུ་ས་རང་རེད། ༡ སྟོན་པ་ཤཀྱྰ་ཐུབ་པས་ཀྱང་རང་ཉིད་ལ་དོགས་སློང་བྱེད་ཆོག་པར་ཁས་འཆས་ཡོད་ན། གཞན་དག་སྨྲོས་མེད་རེད། དེ་ལས་ལྡོག་པ་ཆ་ཚང་ཉུང་མཐར་ཚད་ལྡན་གྱི་ནང་པ་མ་རེད་ཅེས་བཤད་ཆོག ༢ ཉམས་རྒུད་ནི་མ་རིག་པས་བསྐྱེད་པ་ཡིན་པས། དེ་ལ་ཐོལ་བརྒལ་བྱེད་མཁན་ཞིག་གིས་ཉམས་རྒུད་ཀྱི་རྩ་བ་བསྔོག་རྒྱུ་ནི་ལས་འགན་ཡིན་ལ། དེ་ལ་བརྟེན་པའི་མ་རིག་པའི་བྱ་སྤྱོད་འབའ་ཞིག་ལ་གདོང་ལེན་བྱེད་དགོས་པའང་ཆོས་ཉིད་ཡིན།

    མདོ་དོན་བོད་མི་ཚོ་ཡར་ལངས་འདོད་མིན་ལ་ཐུག་ཡོད། ཡབ་བསྐྱར་སྐུ་ངོ་ཀླུ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

  3. ཚེ་རིང་སྐྱིད།

    གཏམ་གླེང་ངར་མ་དེ་ཚོ་དོན་དངོས་ཀྱི་མདུན་ནས་ཤི་རུ་འཇུག་མིན་གྱི་འགན་དེ་ཁྱོད་དང་ང་འདུས་པའི་བོད་མི་མི་རེ་ངོ་རེ་ལ་ཡོད་པས་ཤུ་རེ་བྱོས།

  4. རྭ་རྒྱ་བློ་དབང་།

    ཁོ་རང་ཚོས་ཚོགས་འདུ་འཚོགས་པ་དང་བགྲོ་གླེང་བྱས་པ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། འོན་ཀྱང་ཚོགས་ཐོག་གི་གཏམ་གླེང་ངར་མ་དེ་ཚོ་ནམ་ཡང་དོན་དངོས་ཀྱི་མདུན་ན་ཤི་འགྲོ་བའི་སྣང་ཚུལ་དེ་རྒྱུན་ཆད་རྒྱུ་མི་འདུག སྤྱིར་བཏང་ལམ་དབུ་མའི་སྲིད་བྱུས་དེ་གདམ་ཀ་མེད་པའི་ཚད་གཞི་ཞིག་གི་འོག་ནས་བྱུང་མིན་ཡང་བསྐྱར་ཞིབ་བྱེད་དགོས་པ་ཞིག་རེད།